Donate

༸གོང་ས་མཆོག་གིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཆེད་སྩལ་བའི་བཀའ་སློབ།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རིང་མིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་དེ་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པའི་ཞུ་སྐུལ་ལས་འགུལ་སྤེལ་རྒྱུའི་གསར་འགོད་ལྷན་ཚོགས་ཐོག ༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་སྩལ་བའི་བཀའ་སློབ་ནང་འཁོད་དོན།

COP21-SG-HHDL-blue-planetགོ་ལ་ཆུང་ཆུང་འདིའི་ནང་འཚོ་བཞིན་པའི་སྤུན་མཆེད་ཕོ་མོ་རྣམ་པ། དེང་སྐབས་དུས་རབས་ ༢༡ འདིའི་ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ལ་བརྟེན་ནས་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འོན་ཀྱང་མིས་བཟོས་པའི་དཀའ་ངལ་མང་དུ་འགྲོ་བཞིན་ཡོད། ངོས་ཀྱིས་དུས་རྒྱུན་ཡང་ཡང་བརྗོད་བཞིན་ཡོད་པ་ལྟར། དཀའ་ངལ་དེ་དག་མིས་བཟོས་པ་ཡིན་སྟབས་རིམ་བཞིན་སེལ་ཐབས་བྱ་རྒྱུ་དེ་ཡང་ང་ཚོ་མིའི་རིགས་ཀྱི་འོས་འགན་ཡིན་པ་ནི་ཆོས་ཉིད་ཡིན། དེ་ཡང་དཀའ་ངལ་དེ་དག་མིས་བཟོས། འོན་ཀྱང་དཀའ་ངལ་དེ་དག་སེལ་བར་ཤོག་ཅེས་དཀོན་མཆོག་གམ། སངས་རྒྱས་ལ་སྨོན་ལམ་བརྒྱབ་ནས་རེ་བ་བཅོལ་བཞིན་ཡོད།

དེ་ནི་མཚམས་རེ་ངོས་ཀྱིས་རྒྱུ་མཚན་མི་ལྡན་པ་ཞིག་རེད་བསམས་བཞིན་ཡོད། དཀའ་ངལ་ང་ཚོས་བཟོས། སེལ་ཐབས་དེ་ནམ་ཁའི་དབྱིངས་སུ་སྐྱབས་བཅོལ། དཀའ་ངལ་དེ་དག་གི་ཐོག་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་དཀའ་ངལ་ཡོད། སྤྱིར་དགུ་ཚིགས་ཀྱི་ཆགས་སྟངས་ཡོངས་རྫོགས་ལ་ཕྲན་བུའི་འགྱུར་བ་འགྲོ་བཞིན་ཡོད་བསམ་པ་དྲན་བཞིན་ཡོད། དེར་བརྟེན་ང་ཚོའི་གོ་ལ་སྔོན་པོ་འདིའི་ཆགས་སྟངས་ལའང་འགྱུར་བ་འགྲོ་བཞིན་ཡོད། དེ་བཞིན་ཉི་མའི་ཆགས་སྟངས་ལའང་འགྱུར་བ་འགྲོ་བཞིན་ཡོད། དེར་བརྟེན་གཅིག་བྱས་ན་དེ་དང་འབྲེལ་བ་གཅིག་ཡོད་སྲིད། མཁས་དབང་ཁག་མང་པོས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་གོ་ལའི་དྲོད་ཚད་རྒྱས་བཞིན་པའི་དཀའ་ངལ་སེལ་རྒྱུའི་ཛ་དྲག་གི་ལས་འགན་ཞིག་ང་ཚོར་ཡོད་པ་གསུངས་ཡོད། དེ་ནི་རྒྱལ་ཁབ་བྱེ་བྲག་པ་གཅིག་གཉིས་ཀྱི་གནད་དོན་ཞིག་མིན་པར་འཛམ་གླིང་ཀུན་ལ་ཁྱབ་པར་བརྟེན་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད། ང་ཚོར་སྡོད་གནས་སའི་གོ་ལ་འདི་ཁོ་ན་ལས་མེད། གལ་ཏེ་གོ་ལའི་གནམ་གཤིས་ཚ་དྲོད་སོགས་ཁོར་ཡུག་གི་དཀའ་ངལ་ཆེན་པོ་ཆགས་ནས་གནས་མ་ཐུབ་པ་ཆགས་ན། ང་ཚོས་གོ་ལ་གཞན་ཞིག་ལ་སྤོ་ས་མེད་སྟབས། ང་ཚོར་སྡོད་གནས་གཅིག་ཁོ་ན་ཡོད་པ་ནི་སའི་གོ་ལ་འདི་ཡིན། ང་ཚོས་གོ་ལའི་ཁོར་ཡུག་དང་ཚ་དྲོད་རྒྱས་བཞིན་པ་དེ་དག་ལ་གདོང་ལེན་བྱ་རྒྱུའི་ལས་དོན་དེ་ཧ་ཅང་ཛ་དྲག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། དེར་བརྟེན་མཁས་པ་འགའ་ཤས་ཀྱིས་འཛམ་གླིང་ཡང་ཐོག་ཏུ་འབོད་པའི་བོད་ནི་ས་བབ་ཧ་ཅང་མཐོ་ཞིང་རླུང་ཧ་ཅང་སྐམ་པོ་ཡིན་སྟབས། རང་འབྱུང་གི་ནུས་པའི་ཐོག་ནས་ཁོར་ཡུག་ཉམས་ཆག་ཕྱིན་པ་དེ་དག་སླར་གསོ་ཡོང་རྒྱུར་དུས་ཚོད་མང་བ་འགོར་རྒྱུ་ཡིན་པར་ངོས་འཛིན་གནང་བཞིན་ཡོད། རྒྱ་གར་ཁོར་ཡུག་ཉམས་ཞིབ་པའི་མཁས་པ་ཚོས་ཀྱང་དེ་མཚུངས་ངོས་འཛིན་གནང་བཞིན་འདུག

རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་གིས་གོ་ལའི་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་དེ་འཛམ་གླིང་ལྷོ་བྱང་གཉིས་དང་གཅིགས་མཚུངས་བོད་ལའང་འབྱུང་བཞིན་ཡོད་སྟབས། བོད་ལ་འཛམ་གླིང་གི་སྣེ་གསུམ་པར་འབོད་བཞིན་ཡོད། གནས་ཚུལ་དེ་དག་ཆབ་སྲིད་ཀྱི་བསྒྲགས་གཏམ་མིན་པར་མཁས་པ་དང་ཚན་རིག་པ་སོགས་ཀྱིས་གཏན་འབེབས་གནང་བ་ཞིག་རེད། གནད་དོན་འདི་བོད་མི་ཙམ་མིན་པར་རྒྱ་ནག་སྐམ་ས་ཐེ་བའི་འཛམ་གླིང་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་གནས་དང་འབྲེལ་ཡོད། ཕྱོགས་མཚུངས་ཧི་མཱ་ལ་ཡི་ལྷོ་བརྒྱུད་དུ་ཆགས་པའི་པ་ཀི་སི་ཐན་དང་བྷང་ལ་དེ་ཤི། དེ་བཞིན་རྒྱ་གར་སོགས་ཀྱང་ཚུད་ཡོད། རྒྱ་ནག་ནས་པ་ཀི་སི་ཐན་བར་རྒྱུག་བཞིན་པའི་རྒྱུག་ཆུ་ཆེ་ཁག་གི་ཆུ་མགོ་བོད་ལ་ཡོད་པ་དང་། རྒྱུག་ཆུ་དེ་དག་ལ་མི་འབོར་ཐེར་འབུམ་གཅིག་ཙམ་འཚོ་བརྟེན་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སེམས་འཚབ་ཆེན་པོའི་ཐོག་ནས་བསམ་བློ་གཏོང་རྒྱུའི་དུས་ལ་བབ་ཡོད། ཕྱོགས་མཚུངས་བོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་དེས་རྒྱལ་ཁབ་གཞན་ལ་དོ་ཕོག་འགྲོ་བཞིན་ཡོད་པ་མཁས་པ་ཁག་གཅིག་གིས་གསུངས་ཡོད། དེར་བརྟེན་གནད་དོན་འདི་ཧ་ཅང་གལ་ཆེན་པོ་རེད། གནས་ཚུལ་དེ་ཚོ་གཅིག་ཞུ་འདོད་བྱུང་། དེ་ཆབ་སྲིད་དང་ཆོས་ཀྱི་གནད་དོན་ཞིག་མིན་པར་འགྲོ་བ་མི་རིགས་སྤྱིའི་འཚོ་གནས་དང་འབྲེལ་བ་ཡོད། ང་ཚོ་དུས་རབས་ ༢༠ མི་རབས་ཕལ་ཆེར་རྫོགས་འགྲོ་གི་ཡོད། ད་ཆ་དུས་རབས་ ༢༡ བསླེབས་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་བོད་ཀྱིས་གཙོས་གོ་ལའི་གནམ་གཤིས་སྲུང་སྐྱོབ་ཆེད་འབད་བརྩོན་མང་ཙམ་བྱེད་དགོས། ཐུགས་རྗེ་ཆེ།། ཅེས་གསུངས་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས།