Donate

ཁྲི་འདུ་རྫོང་ནས་འཛམ་གླིང་གི་ཉེན་གནས་སྲོག་ཆགས་གསའ་མཐོང་བྱུང་།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁྲི་འདུ་རྫོང་ནས་གསའ་ཕྲུག་མཐོང་བ། ཀྲུང་གོའི་གསར་འགྱུར་ཁང་ཟི་ལིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུས་ནས་ཤེས་རྟོགས་བྱས་པར།

འབུ་རྐོ་མཁན་ནས་བླངས་པའི་གསའི་པར་རིས།

ཉེ་ཆར་རྫོང་དེའི་འབྲི་ཆུའི་བཞུར་ཡུལ་ནས་གཅན་གཟན་གསའ་ཡི་གསའ་ཕྲུག་པར་ལེན་ཐུབ་ཡོད་ཅིང་། དེ་ནི་ས་གནས་དེ་གའི་རིགས་རྒྱུད་འཕྲུལ་མེད་ཡིན་པ་ར་སྤྲོད་བྱུང་ཡོད་འདུག རྫོང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར། རྫོང་དེའི་ཁོངས་སུ་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱིས་གསའ་ཕྲུག་མཐོང་ཡོད་པ་དང་། འདི་ནི་ང་ཚོའི་རྫོང་ནང་གསའ་མཐོང་ཐེངས་དང་པོ་རེད་ཅེས་གསུངས་འདུག ཁྲི་འདུ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུས་ཀྱི་འགོ་འཛིན་ཚུལ་ཁྲིམས་ཀྱིས། གསའ་ཕྲུག་གཉིས་ཀྱི་པར་དེ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྒ་སྟོད་ཞང་ནས་འབྲོག་པ་ཡོན་ཏན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་སྐབས་པར་བླངས་པ་ཞིག་ཡིན་ཞིང་། སྐབས་དེར་གསའ་ཕྲུག་གི་ཨ་མ་མེད་ཀྱང་ཕྱི་ཉིན་ཞོགས་པ་སྔ་མོ་རྒྱང་ལྟ་བྱེད་སྐབས་གསའ་ཕྲུག་ཨ་མ་ཚུར་སླེབས་ཡོད་པ་མཐོང་བས། གསའ་ཕྲུག་སྐྱུར་བ་ཞིག་མིན་པ་གསལ་བཤད་བྱུང་ཡོད་ཅེས་གསུངས་འདུག
ཡུན་རིང་ནང་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་གསའ་ཞིབ་འཇུག་གནང་མཁན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་རྣམ་གྲངས་ཀྲུའུ་རེན་ཀྲའོ་ཞང་གིས། གོ་རྒྱུ་ཡོད་པ་ཞིག་ལ། གསའ་ཕྲུག་ལ་རི་དྭགས་གནའ་བའི་རིལ་མ་བཏིངས་ཡོད་ཅིང་། རིལ་མས་དྲོད་ཚད་སྲུང་འཛིན་ཐུབ་པ་དང་། ས་འོག་གི་རླན་གཤེར་འགོག་ཐུབ་ཀྱི་ཡོད་ཅེས་གསུངས།
ཤེས་རྟོགས་བྱས་པར་གཞིགས་ན། མིའི་རིགས་ཀྱི་བྱེད་སྒོས་གསའ་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་ཆེད། མིག་སྔར་ས་གནས་དེ་གས་དོན་མེད་མི་སྣ་དང་ཚོགས་པ་ས་ཁུལ་དེ་གར་འགྲོ་སྐྱོད་བྱེད་མི་ཆོག་པའི་གཏན་འབེབས་གསལ་པོ་བཟོས་ཡོད་འདུག
(རྒྱུན་ཤེས་ཐུང་ངུ་) གསའ་ནི་མཚོ་ངོས་མཐོ་ཚད་སྨི་ ༢༧༠༠ ནས་ ༦༠༠༠ བར་དུ་འཚོ་གནས་བྱེད་པའི་རྫ་རི་མཐོ་སར་ཡོད་པའི་གཟིག་གི་རིགས་ཤིག་ཡིན་ཞིང་། ཡུལ་སྐད་དུ་རྩྭ་གཟིག་དང་། གསའ་མ་གཟིག་སོགས་འབོད་སྲོལ་གཞན་ཡང་ཡོད་པ་དང་། སྲོག་ཆགས་རིག་པའི་ནང་དུ་གངས་གཟིག་ཟེར། དེ་ཡང་ས་བབ་མཐོ་བའི་སྐྱེ་ཁམས་མ་ལག་ཡག་པོ་ཡོད་མེད་ཀྱི་དབུགས་གནོན་རྩིས་ཆས་ཞེས་པའི་བརྗོད་སྲོལ་ཡོད་ཅིང་།

འབུ་བརྐོ་མཁན་ནས་བླངས་པའི་གསའི་པར་རིས།

ཕྱི་ལོ་ ༡༩༩༦ ལོར་ཀྲུང་གོའི་རྩ་མེད་དུ་འགྲོ་ཉེན་ཡོད་པའི་སྲོག་ཆགས་རིགས་སུ་བཅུག་པ་དང་། མིག་སྔར་ཀྲུང་གོ་ནི་གསའ་ཁྱབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་ཞིང་། གསའ་འཚོ་ཁུལ་གྱི་བརྒྱ་ཆ་ ༦༠ ཙམ་ཟིན་ཡོད་པ་རེད།
རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བདེ་གཡང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།