Donate

གནམ་གཤིས་འགྱུར་ལྡོག་གིས་རྩྭ་ཐང་ལ་གནོད་འཚེ་ཐེབས་སྲིད་པ།

འཛམ་གླིང་ནང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དེའི་རྐྱེན་གྱིས་མཐོ་སྒང་བོད་ཀྱི་རྩྭ་ཐང་ལ་གནོད་འཚེ་ཐེབས་སྲིད་པ་རེད།
དེ་ཡང་རྒྱ་ནག་དང་། ཨ་མི་རི་ཀའི་ནང་གི་ཞིབ་འཇུག་པ་ཁག་ཅིག་གིས་ཞིབ་འཇུག་གནང་བ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་ནང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དེས་བོད་མཚོ་སྔོན་ཁུལ་གྱི་རྩྭ་ཐང་ལ་གནོད་འཚེ་ཐེབས་སྲིད་པའི་སྐོར་གསུང་ཡོད་པ་རེད། དེ་བཞིན་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དེས་ཞིང་པ་དང་། འབྲོག་པ་ཚོ་འཚོ་གནས་བྱེད་རྒྱུར་ཉེན་ཚབས་ཆེ་རུ་འགྲོ་ཉེན་ཡོད་པ་གསར་དུ་ཞིབ་འཇུག་གནང་བའི་ནང་ཐོན་ཡོད་པ་དེ་རང་བྱུང་ཁམས་དུས་དེབ་ནང་ཕྱིར་བསྒྲགས་གནང་འདུག
ཡང་ཞིབ་འཇུག་གནང་བའི་གྲུབ་འབྲས་ཀྱི་བརྒྱུད་རིམ་ནས་དགོངས་ཚུལ་བརྗོད་པར་གཞིགས་ན། གནམ་གཤིས་ཚ་དྲོད་ཆེ་བའི་རྐྱེན་གྱིས་ལོ་ཆ་ཚང་ཐན་པ་བསྟན་ནས་ཞིང་པའི་འཚོ་གནས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། ག་དུས་ཡིན་ནའི་གནམ་གཤིས་རློན་ཙམ་གྱི་ཁོར་ཡུག་བསྐྲུན་ཐབས་གནང་ནས་ཐོན་སྐྱེད་ཡོང་ཐབས་གནང་དགོས་ཀྱི་ཡོད་པའི་སྐོར་པེ་ཅིང་གཙུག་ལག་སློབ་གྲྭའི་ཁོར་ཡུག་དང་། ཚན་རིག་ཚན་པའི་སློབ་དཔོན་ཆེན་མོ་བ་སྐུ་ཞབས་Jin Sheng He ཡིས་གསལ་སྟོན་གནང་འདུག
ཡང་ཞིབ་འཇུག་པ་ཚོས་མུ་མཐུད་དེ་གསུང་དོན། སྒོ་ཕྱུགས་སེམས་ཅན་འཚོ་གནས་ཡག་པོ་ཞིག་ཡོང་རྒྱུར་ཐན་པ་མི་བསྟན་པའི་ཆེད་དུ། གནམ་གཤིས་ཚ་དྲོད་ཐོག་ལ་སྟངས་འཛིན་གནང་དགོས་པ་དང་། གལ་ཏེ་དེ་མ་གནང་བ་ཡིན་ན་མཐོ་སྒང་བོད་ཀྱི་རྩྭ་ཐང་ལ་གནོད་འཚེ་ཐེབས་པའི་ཐོག་སྒོ་ཕྱུགས་སེམས་ཅན་གྱི་འཚོ་གནས་དང་། ཆུའི་ཐོན་ཁུངས་ལའང་གནོད་འཚེ་ཐེབས་སྲིད་པའི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་རྒྱ་ལས་དྲངས།