Donate

གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་འདུག

གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་འདུག

བོད་ཤར་ཕྱོགས་ཀྱི་འབྲོག་སའི་ལུང་ཁུག་ས་ཁུལ་ཞིག་ཏུ་མེ་རི་ནས་རྡོ་ཞུན་ཁོལ་མ་བབས་པ་ལྟ་བུའི་ས་རུད་དལ་བུར་རྒྱུག་བཞིན་ཡོད་པ་སྤྱི་ཚོགས་དྲ་ལམ་སྟེང་བརྙན་ཐུང་མཐོང་རྒྱུ་ཡོད་པ་དེ་ནི། གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་ལ་དོ་ཕོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པ་དང་། དེ་བཞིན་ས་མཐོའི་བོད་ཀྱི་རྩྭ་ས་བྱེ་ཐང་དུ་འགྱུར་བཞིན་པ། མཐོ་སྒང་བོད་ཀྱི་ཁོར་ཡུག་གྱི་གནས་སྟངས་ཉམ་ཆག་སོགས་ཀྱི་སྐོར་བློ་འཚབ་ཀྱིས་གླེང་སློང་བྱ་ཡུལ་གྱི་གནས་ཚུལ་ཞིག་ཏུ་གྱུར་འདུག
དེ་ཡང་ཚེས་ ༡༣ ཉིན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་པ་དང་སྦྲགས་གནས་ཚུལ་སྤེལ་བའི་ནང་། ཉེ་སྔོན་ཕྱི་ཟླ་ ༩ པའི་ཚེས་ ༧ ཉིན། སྐྱེ་སྒུ་མདོ་ཁྲི་འདུ་རྗོང་རྫ་སྟོད་གྲོང་རྡལ་འབྲི་སྨད་གྲོང་ཚོའི་འབྲོག་པ་གནས་སྡོད་བྱ་སའི་ལུང་ཁུག་ཞིག་ཏུ། བབས་ཆུ་རྒྱུག་པ་ནང་བཞིན་རི་ཉིལ་ནས་ས་རུད་དལ་བུར་རྒྱུག་བཞིན་ཡོད་པ་དང་། འབྲོག་པའི་ཁྱིམ་ཚང་གི་མི་རྣམས་བྱ་ཐབས་བྲལ་ཞིང་འཇིགས་སྐྲག་གི་གནས་སྟངས་འོག་ཡོད་པ་མཐོང་རྒྱུ་ཡོད་པ་རེད།
གནས་ཚུལ་དེའི་ཐད་རྒྱལ་ཡོངས་ས་གཤིས་དུས་དེབ་ (National Geography) ཀྱིས་ཡུལ་ཤུལ་ཁུལ་དུ་བྱུང་བའི་ས་རུད་ཀྱི་བརྙན་ཐུང་ལ་དཔྱད་པ་བྱས་པའི་ནང་། ནམ་རྒྱུན་གྱི་ས་རུད་ནི་དེ་མ་ཐག་དང་དུས་ཚོད་ཐུང་ངུའི་ནང་མཚམས་ཆད་ཀྱི་ཡོད་ཀྱང་ཡུལ་ཤུལ་གྱི་འབྲི་སྨད་གྲོང་ཚོའི་འབྲོག་པའི་ས་ཁུལ་དུ་བྱུང་བའི་ས་རུད་དེ་མེ་རིའི་རྡོ་ཞུན་རྒྱུག་པ་ནང་བཞིན་ས་རུད་དལ་པོ་དང་། རྒྱུག་ཚད་རྒྱུན་རིང་པོ་ཡོད་པར་མཐོང་རྒྱུ་ཡོད་པ་གསུངས་འདུག་ལ་དེ་བཞིན་ས་རུད་སྐོར་ཉམས་ཞིབ་པ་མཱེག་ཀིན་ནཱོན་ (Mike McKinnon) ཞུ་བས། གོང་གསལ་ས་རུད་ནི་ཧ་ཅང་དལ་ཞིང་ནུས་ཤུགས་འགོག་ཐབས་མེད་པ་ཡིན་ཡང་དེས་ལམ་སེང་མིའི་ཚེ་སྲོག་ལ་གནོད་འཚེ་ཕོག་རྒྱུ་མིན་པའི་སྐོར་དཔྱད་པ་བྱས་འདུག
གོང་གསལ་སྐེ་སྒུ་མདོའི་འབྲི་སྨད་ཀྱི་འབྲོག་སའི་ཁུལ་དུ་བྱུང་བའི་ས་རུད་ཀྱི་རྒྱུ་རྐྱེན་གང་ཡིན་གསལ་ཁ་མེད་ནའང་། ཚན་རིག་པས་ས་རུད་ཀྱི་དོན་རྐྱེན་དེ་གོ་ལའི་གནམ་གཤིས་ཚ་དྲོད་ལ་བརྟེན་ནས་མཐོ་སྒང་བོད་ཀྱི་ས་ཆའི་ཆགས་བབས་བརྟན་པོ་མེད་པར་འགྱུར་བཞིན་ཡོད་པའི་ཚོད་དཔག་དང་། དམིགས་བསལ་ད་རེས་ཡུལ་ཤུལ་ཁུལ་འབྲོག་པའི་ས་ཁུལ་དུ་ས་རུད་ཀྱི་དོན་རྐྱེན་འདི་ནི་གནམ་གཤིས་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་འོག་ཁུལ་དེའི་ནང་གཏན་འཇགས་འཁྱགས་རོམ (Permafrost) གྱི་ཞུར་ཚད་མཐོ་རུ་འགྲོ་བཞིན་པའི་གནད་དོན་ལ་ཐུག་གི་ཡོད་པའང་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས་ཏེ་རྩོམ་སྒྲིག་དང་བརྒྱུད་འགོད་བྱས།