Donate

ཇོ་མོ་གླང་མའི་རྒྱུད་ཀྱི་གད་སྙིགས་གཙང་བཟོ་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་གནས་སྲིད་གཞུང་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་བྱང་རྒྱུད་དུ་གངས་འཛེགས་པ་ཚོས་བསྐྱུར་འཇོགས་བྱས་པའི་གད་སྙིགས་གཙང་སེལ་བྱ་རྒྱུའི་ལས་དོན་ཞིག་སྤེལ་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གཉེར་གོ་ལའི་དུས་བབས་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རི་བོ་ཇ་མོ་གླང་མའི་རྒྱུད་ཀྱི་གད་སྙིགས་གཙང་བཟོའི་ལས་འགུལ་དེ་འདི་ཚེས་ ༦ ཉིན་འགོ་འཛུགས་ཀྱིས་ཉིན་གྲངས་དགུའི་རིང་སྤེལ་རྒྱུ་ཡིན་པ་དང༌། ལས་འགུལ་དེ་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་དང་། བོད་རང་སྐྱོང་ལྗོངས་རྩེད་རིགས་ལས་དོན་ཁང༌།

ཇོ་མོ་གླང་མ་གཙང་བཟོ་བྱེད་བཞིན་པ།

རྒྱ་ནག་རྒྱལ་ཡོངས་རི་འཛེགས་པའི་མཐུན་ཚོགས་བཅས་པས་གོ་སྒྲིག་འོག་ལོ་ལྟར་སྤེལ་གྱི་ཡོད་པ་དང༌། འདི་ལོའི་ལས་དོན་དེའི་ནང་གོང་ཞུས་སྒྲིག་འཛུགས་གསུམ་གྱི་གོ་སྒྲིག་བྱས་པའི་མི་གྲངས་ ༩༠ ཙམ་ཡོད་པ་རྣམས་ཀྱིས། ཇོ་མོ་གླང་མའི་ནུབ་ངོས་བོད་ཀྱི་ཕྱོགས་སུ་རི་འཛེགས་པ་ཚོས་བསྐྱུར་འཇོགས་བྱས་པའི་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད་པ་དང༌། རི་འཛེགས་པ་ཚོས་བསྐྱུར་འཇོགས་བྱས་པའི་བཅའ་དངོས་ཀྱི་ཁོངས་སུ། འགྱིག་དམ་དང༌། གུར། སྲོག་འཛིན་ཁ་རླུང་གི་སྣོད། ལྟོ་སྣོད་ལྕགས་ཊིན། རི་འཛེགས་བྱ་རྒྱུའི་ཐག་པ་འདྲ་མིན་སོགས་ཡོད་པ་དང༌། རི་འཛེགས་པའི་བསྐྱུར་འཇོགས་བྱས་པའི་གད་སྙིགས་གཙང་སེལ་བྱེད་སའི་རི་སྡེབ་དེ་དག་རྒྱ་མཚོ་ནས་བརྩིས་པའི་མི་ཊར་ ལྔ་སྟོང་ཉི་བརྒྱ་ནས་དྲུག་སྟོང་ལྔ་བརྒྱའི་མཐོ་ཚད་དུ་ཡོད་པ་དང༌། ཡང་འདི་ལོའི་ཕྱི་ཟླ་ ༤ ནས་བཟུང་ད་བར་བྱང་ངོས་བོད་ཀྱི་ས་ཐོག་ནས་གངས་འཛེགས་པ་ ༢༡༠ ཡིས་རི་བོ་ཇ་མོ་གླང་མའི་ཐོག་འཛེགས་ཐབས་བྱས་ཡོད་འདུག ཇོ་མོ་གླང་མའི་བྱང་ངོས་ནི་བོད་ཀྱི་ཕྱོགས་སུ་ཡོད་པ་དང་། ལྷོ་ངོས་བལ་ཡུལ་གྱི་ཕྱོགས་སུ་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོས་སྐད་སྡེ་ཚན་གྱི་དྲ་བ་ལས་དྲངས།