Donate

དྷ་ས་མེགྷན་དུ་ཁོར་ཡུག་གཙང་བཟོ་དང་གོ་རྟོག་གི་ལས་འགུལ་སྤེལ་བ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཟླ་རེ་བཞིན་ཁོར་ཡུག་གཙང་བཟོ་བྱེད་པའི་བྱ་འགུལ་དེ་འདི་ཟླའི་ཚེས་ ༡༧ ཉིན་བྱས་ཤིང་། ཁོར་ཡུག་གཙང་བཟོའི་བྱ་འགུལ་དེར་ལྷའི་ལས་བྱེད་རྣམས་དང་། ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ། དང་བླངས་བ་སོགས་མཉམ་ཞུགས་གནང་

ཚོགས་པའི་ལས་བྱེད་བློ་བཟང་ལགས་ཀྱིས་མི་མང་ལ་ཀོར་ཡུག་སྐོར་འགྲེལ་བཤད་གནང་བཞིན་པ།

མཁན་རྣམས་དེ་སྔོན་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་མེགྷན་གྱི་བཞི་མདོར་འདུ་འཛོམས་ཀྱིས། ལྷའི་ལས་བྱེད་བློ་བཟང་ཚེ་རིང་ལགས་ཀྱིས་མི་མང་ལ་ཁོར་ཡུག་གལ་ཆེན་པོ་ཡིན་པ་མ་ཟད། ལས་འགུལ་དེར་མཉམ་ཞུགས་བྱེད་དགོས་པ། ཁོར་ཡུག་གཙང་མར་ཉར་རྒྱུ་ནི་མི་ཉུང་ཤས་ཤིག་གི་ལས་འགན་ཙམ་མ་ཡིན་པར་ང་ཚོ་ཚང་མའི་འོས་འགན་ཡིན་སྐོར་སོགས་གསལ་བསྒྲགས་གནང་རྗེས་ཉིན་དེའི་བྱ་འགུལ་དངོས་སུ་འགོ་ཚུགས།  ལྷའི་ལས་བྱེད་ནས་ལག་ཤུབ་དང་གད་སྙིགས་བླུག་སྣོད་རྣམས་གཙང་བཟོ་བ་རྣམས་ལ་བགོ་འགྲེམ་གནང་བ་དང་། གཙང་བཟོ་བ་རྣམས་ཀྱིས་གཙུག་ལག་ཁང་གི་ལམ་རྒྱུད་ནས་གླིང་སྐོར་ལམ་གྱི་བར་དང་། དེ་ནས་གླིང་སྐོར་ལམ། གཙུག་ལག་ཁང་། ༸གོང་ས་མཆོག་གི་བཞུགས་གནས་གྱི་ཉེ་འདབས་སོགས་སུ་གཙང་བཟོ་གང་ལེགས་བྱས།

            ལམ་བར་དུ་བློ་བཟང་ཚེ་རིང་ལགས་ཀྱིས་ལམ་གཡས་ཡོན་གྱི་ཚོང་ཁང་དུ་ལས་ཀ་བྱེད་མཁན་རྣམས་དང་། ཚོང་པ་སོགས་ལ་གད་སྙིགས་ལམ་ཟུར་དུ་མི་གཡུག་རྒྱུའི་འབོད་སྐུལ་དང་། “མི་ཚང་མའི་གོམ་སྟབས་ཆུང་ཆུང་ཞིག་གིས་ཁོར་ཡུག་ལ་གཅེས་སྤྲད་བྱེད་ཐུབ་” ཅེས་བརྗོད་བཞིན། བོད་ཨིན་ཧིན་གསུམ་དུ་ཡོད་པའི་ཁོར་ཡུག་གཙང་བཟོའི་སྐོར་གྱི་དེབ་ཆུང་རྣམས་ཁོང་ཚོར་རིན་མེད་འགྲེམས་སྤེལ་སོགས་བྱས། དེ་ནས་གད་སྙིགས་གཏོས་ཆེ་བ་ལམ་རྒྱུད་དང་རི་ངོས་སོགས་ནས་བསྡུ་རུབ་བྱས་ཏེ་ལྷའི་ཞི་བའི་ཚལ་འགྲམ་གྱི་ལམ་འཁྲིས་སུ་དབོར་ཏེ་སྤུངས་ཤིང་། སྙིགས་འདྲེན་རླངས་འཁོར་གྱིས་གད་སྙིགས་གཡུག་སར་དབོར་འདྲེན་བྱས་ཡོད་པ་རེད།

གད་སྙིགས་རྣམས་སྙིགས་འདྲེན་རླངས་འཁོར་ནང་བླུག་བཞིན་པ།

 

 

 

            དམིགས་བསལ་དུ་བྱ་འགུལ་འདིའི་སྐོར་བོད་ཀྱི་དུས་བབ་གསར་ཁང་གི་ལས་བྱེད་གཉིས་ཆེད་བཅར་ཀྱིས་གཙང་བཟོ་ཡོངས་སུ་མ་གྲུབ་བར་མི་མང་དང་ལྷན་དུ་ཕེབས་ནས་བརྙན་ལེན་པ་དང་། གཅར་འདྲི་སོགས་གནང་སྟེ་དུས་བབ་དྲ་ཚིགས་དང་སྤྱི་ཚོགས་དྲ་ལམ་དུ་འགོད་སྤེལ་གྱིས་རྒྱང་བསྲིང་བྱས་པ་སོགས། བོད་ཀྱི་དུས་བབ་གསར་ཁང་གིས་ང་ཚོའི་ཁོར་ཡུག་གཙང་བཟོ་དང་གོ་རྟོག་སྤེལ་བའི་ལས་འགུལ་ལ་མཐོང་ཆེན་གནང་སྟེ་གསར་འགོད་དང་དྲིལ་བསྒྲགས་གང་ལེགས་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན།

            དེ་ནས་ཉིན་གུང་ཙམ་ནས་ལ་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་ཚོགས་པའི་སློབ་ཕྲུག་དང་བླངས་བ་རྣམས་ལྷའི་སྤྱི་ཐབ་དུ་གུང་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཡོད་པ་རེད།

            ལྷ་ཚོགས་པའི་ངོས་ནས་ཟླ་རེའི་བདུན་ཚིགས་གསུམ་པའི་རེས་གཟའ་སྤེན་པ་རྟག་པར་ཁོར་ཡུག་གཙང་བཟོ་བྱེད་ཀྱི་ཡོད་པས་དྷ་སའི་ཁུལ་གྱི་མི་མང་ནས་ཚོགས་པའི་ལས་གཞི་འདིར་རྒྱབ་སྐྱོར་དང་། མཉམ་ཞུགས་གང་མང་གནང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད།

བོད་ཀྱི་དུས་བབ་ནས་གཅར་འདྲི་དང་བརྙན་ལེན་བྱས་པ་རྣམས་གཤམ་གྱི་དྲ་ཐག་བརྒྱུད་ནས་གཟིགས་ཐུབ།