Donate

བོད་ཁུལ་དུ་ཆར་ཆུའི་གནོད་སྐྱོན།

ཟླ་འདིའི་ཟླ་མགོ་ནས་བཟུང་བོད་ནང་ཆར་ཞོད་ཆེན་པོ་བབས་ཏེ། ས་ཁུལ་མང་པོ་ཞིག་ལ་ཆུ་ལོག་དང་རི་ཉིལ་བ། ལམ་དང་ཟམ་ཤིག་པ་དང་། ཆུས་འཁུར་བ་སོགས་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བཞིན་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་རིང་རེབ་ཁོང་དང་མདོ་ལ་རིང་མོ། ཁྲི་ཀ་རྫོང་དང་མང་ར་རྫོང་། ཞིན་ཧྭེ་རྫོང་སོགས་སུ་དྲག་ཆར་བབ་སྟེ་མི་རྒྱུ་གཉིས་ཀར་གོད་ཆགས་ཆེན་པོ་བྱུང་ཡོད་ཅིང་། ཚེས་ ༡༠ ཉིན་མཚོ་སྔོན་མང་ར་རྫོང་དུ་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ཕྱུགས་ཟོག་ཧ་ཅང་མང་པོར་ཤི་སྐྱོན་ཐེབས་ཡོད་འདུག ཚེས་ ༡༡ ཉིན་བྲག་དཀར་སྤྲེལ་རྫོང་ས་ཁུལ་དུ་ཆུ་ལོག་དང་འདམ་ཉིལ་ཁྲོད་ས་གནས་འབྲོག་པའི་ལུག་ ༤༠ ཙམ་ཤི་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གི་ཞིང་ཆེན་ཁག་ ༡༡ ནང་བྱུང་བའི་ཆར་ཆུའི་གནོན་སྐྱོན་ཁྲོད་ཡུལ་མི་ ༡༣༠ རྐྱེན་ལམ་དུ་ཤོར་བ་དང་སྡོད་ཁང་ ༤༠༠༠༠ ལྷག་རྡིབ་སྐྱོན་བྱུང་ལུགས་འཁོད་པ་ཙམ་ལས། བོད་ཁུལ་དུ་བྱུང་བའི་ཆར་ཆུའི་གནོད་སྐྱོན་སྐོར་ཅི་ཡང་བསྒྲགས་མི་འདུག

གནས་ཚུལ་ལྟར་ན། ད་ལོའི་ཆུ་ཆར་ཞོད་དང་ཆུ་ལོག་གི་འབྱུང་རྐྱེན་གཙོ་བོ་གཙང་གསུམ་མགོ་ཁུངས་ཁག་ཏུ་ཁོར་ཡུག་གཏོར་བཅོམ་ཚབས་ཆེན་བྱས་པ་ལས་བྱུང་བ་དང་། ད་དུང་མུ་མཐུད་དུ་ཆར་ཞོད་ཆེན་པོ་བབ་ཚེ་འབྲི་ཆུ་འགག་གསུམ་གཙོས་པའི་རྒྱ་ནག་གིས་བཀག་བསྐྱིལ་བྱས་པའི་ཆུ་མཛོད་ཁག་གི་རགས་ཁ་ཤོར་རྒྱུའི་ཉེན་ཁ་ཡང་ཆགས་ཡོད་འདུག

0103040506

བོད་ཀྱི་དུས་བབ་ལས་དྲངས།