Donate

བོད་ནང་རྒྱལ་ཡོངས་ཀྱི་གླིང་ཁའི་སྔོན་འགྲོའི་ལས་འཆར་ནི་གསེར་དང་མཚུངས་པའི་གོ་སྐབས་ཤིག་ཡིན་ནམ་ཡང་ན་ནོར་འཁྲུལ་ཚབས་ཆེན་ཞིག

བོད་ནང་རྒྱལ་ཡོངས་ཀྱི་གླིང་ཁའི་སྔོན་འགྲོའི་ལས་འཆར་ནི་གསེར་དང་མཚུངས་པའི་གོ་སྐབས་ཤིག་ཡིན་ནམ་ཡང་ན་ནོར་འཁྲུལ་ཚབས་ཆེན་ཞིག

ལོ་ ༤༣ ཡིན་པའི་བོད་མི་འབྲོག་པ་བློ་གྲོས་ཀྱི་ནང་མི་ལ་གཡག་ ༤༠ དང་། རྟ་བཞི་ཡོད་ཅིང་། ཀྲུང་གོའི་ནུབ་རྒྱུད་མཚོ་སྔོན་ཕྱོགས་ཀྱི་ཨ་གྷ་སི་ (Agassi) ཞེས་པའི་མཐོ་སྒང་གི་རྩྭ་ཐང་ཐོག་སྡོད་ཀྱིན་ཡོད། སྤྱི་ལོ་ ༡༩༩༠ ཡས་མས་ནང་ཁོང་གི་ནང་མིར་དེ་ལས་ཀྱང་མང་བའི་སེམས་ཅན་ཡོད་ཅེས་སྤྱི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་བློ་གྲོས་ལགས་ཁོང་གི་གུར་ནང་དུ་སྡོད་བཞིན་དེ་ལྟར་བཤད། “ང་ཚོར་ལུག་ ༡༠༠ དང་ར་ ༥༠ གཡག་ ༡༢༠ སྐོར་རྩྭ་ཐང་འདི་རང་གི་ཐོག་ཏུ་ཡོད་མྱོང་མོད། འོན་ཀྱང་དེང་སང་ང་ཚོའི་ཡོང་སྒོ་མང་ཆེ་བ་རྒྱ་མིའི་དབྱར་རྩྭ་དགུན་འབུ་ (འདིར་རྩོམ་པ་པོས་ནོར་འཁྲུལ་ཆེན་པོ་ཤོར་འདུག་སྟེ། དབྱར་རྩྭ་དགུན་འབུ་ནི་བོད་མཐོ་སྒང་གི་རི་མགོ་མཐོ་སར་མ་གཏོགས་མི་སྐྱེ་བས་རྒྱ་ནག་ཏུ་དབྱར་རྩ་དགུན་འབུ་སྐྱེས་མེད་ལ། རྒྱ་མིའི་དབྱར་རྩ་དགུན་འབུ་ (Chines caterpillar fungus ) ཟེར་བ་ནི་དེ་བས་ཀྱང་མེད་དོ་) བརྐོས་ནས་ཡོང་གི་ཡོད་སྟབས་ང་ཚོར་སེམས་ཅན་མང་པོ་དགོས་པ་མེད།” ཅེས་བློ་གྲོས་ལགས་ཀྱིས་འགྲེལ་བརྗོད་གནང་། བློ་གྲོས་ལགས་ཀྱི་གུར་ནི་རྫ་ཆུའི་འབབ་རྒྱུན་དུ་གཅོང་རོང་དང་། ཆུ་འབབ་སའི་ལུང་ཤུར། བྱེ་རྡོ་དམར་པོ་སོགས་གཟི་བརྗིད་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱི་ཨ་གྷ་སི་ (Agassi) ཞེས་པའི་རྩྭ་ཐང་གི་ལུང་གཤོངས་དཀྱིལ་དུ་ཕུབ་འདུག

གུར་ནང་དུ་བློ་གྲོས་དང་ཁོང་གི་ནང་མི།

གུར་ནང་དུ་བློ་གྲོས་དང་ཁོང་གི་ནང་མི།

ཐུན་མོངས་མ་ཡིན་པའི་ས་བབ་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་ཕུད། ད་དུང་ས་ཁུལ་དེ་ནི་ནགས་ཚལ་དང་དེར་གནས་པའི་སྲོག་ཆགས་སོགས་སྲུང་སྐྱོབ་ཀྱི་ཐད་ནས་སྐད་གྲགས་ཆེན་པོ་ཆོད་ཡོད།
བློ་གྲོས་ལ་ཆ་མཚོན་ན་ཁོང་གི་གུར་དང་ཐག་ཉེ་སར་གངས་གཟིག་དང་། ཤཱ་བ་མཆུ་དཀར། གནའ་བ། ། ཕག་རྒོད། རི་ཞིམ་མམ་ཞིམ་རྒོད། ཨལྤ་རི་རྒྱུད་ཀྱི་གླ་བ། ཝ་དམར་པོ་སོགས་ཐེ་བའི་ཁྱད་དུ་འཕགས་པའི་སེམས་ཅན་མཐོང་རྒྱུ་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན། “ཉི་ནུབ་ཀྱི་སྐབས་སུ་གནའ་བའི་ཁྱུ་ཆེན་པོ་དེ་འདྲ་རྒྱུག་ཆུའི་འགྲམ་དུ་ཆུ་མཐུང་བར་ཧ་ལམ་ཡོང་སྲིད།” ཅེས་བློ་གྲོས་ཀྱིས་ཁོང་གི་གུར་དང་ཐག་ཧ་ཅང་ཉེ་ས་ནས་བཞུར་བཞིན་པའི་ཆོ་བོར་མཛུབ་མོ་ཀེར་བཞིན་བཤད། “ང་ཚོ་ནང་དུ་མེད་སྐབས་ཐེངས་ཁ་ཤས་ལ་དོམ་རྒྱ་སྨུག་ཅིག་ནང་དུ་འཛུལ་ཏེ་ནང་ཆས་རྣམས་གཏོར་བཤིག་བཏང་བ་དང་། ང་ཚོའི་བཟའ་ཅ་རྣམས་ཀྱང་ཟས་འདུག” ཅེས་དང་། “ལོ་རེ་ལ་གཡག་གསུམ་ནས་ལྔ་གངས་གཟིག་གམ་སྤྱང་ཀིས་གསོད་ཀྱིན་ཡོད་ཀྱང་། ང་གཅན་གཟན་འདི་ཚོར་རླུང་ལངས་ཀྱི་མི་འདུག ང་ཚོ་མཉམ་དུ་འཚོ་གནས་བྱེད་རྒྱུར་གོམས་ནས་ཡོད་ལ། ཉེ་འཁོར་དུ་སེམས་ཅན་འདི་དག་མཐོང་བར་ངའི་ཕྲུ་གུ་ཚོས་དགའ་པོ་བྱེད་ཀྱིན་འདུག” ཅེས་ཟེར།
བློ་གྲོས་ཀྱི་ཁྱིམ་མཚེས་དང་། ཨ་གྷ་སི་(Agassi)ས་གནས་ཀྱི་ཕྱུགས་རྫི་མང་ཆེ་བ་རི་དྭགས་ཀྱི་ཉེ་འགྲམ་དུ་སྡོད་མྱོང་ཡོད། བློ་སྦྱི་ཞེས་པའི་ལོ་ ༢༦ ལ་སོང་པའི་བུད་མེད་ཅིག་ལེ་དབར་ཁ་ཤས་ཀྱི་མཐོ་སར་བསྡད་ཡོད་ཅིང་། སྤྱི་ཟླ་ ༠༨ པའི་ནང་གངས་གཟིག་ཅིག་གིས་གཡག་གུ་ཞིག་རིའི་གསེག་ངོས་ཀྱི་ཁོ་མོའི་གུར་གྱི་རྒྱབ་ཏུ་བསད་འདུག དེ་ནི་སྤྱིར་བཏང་ཡིད་ལ་ཡང་ཤར་དཀའ་བ་ཞིག་རེད།

གླིང་ཁའི་སྔོན་འགྲོའི་ལས་འཆར།

རྒྱ་ནག་གིས་ས་ཁུལ་ཆིག་ཁྲི་བརྒལ་བར་སྲུང་སྐྱོབ་བྱས་ཡོད་ཚུལ་གྱིས་སྟོང་བཤད་བྱས་མིན་ལ་མ་བལྟོས་པར། མངའ་ཁུལ་དེ་དག་དུ་ཉེན་སྲུང་དང་ཆིག་གྱུར་གྱིས་སྟང་འཛིན་བྱེད་པའི་ལམ་ལུགས་གིས་འདང་གི་མེད། འདས་པའི་ལོ་འགའི་ནང་རྒྱ་ནག་དབུས་གཞུང་གིས་ཨ་རིར་ལག་བསྟར་བྱས་པའི་འཆར་འགོད་དང་། བཀོད་བྱུས་གང་མང་གཡར་ཏེ་རྒྱལ་ཡོངས་ཀྱི་གླིང་ཁ་གསར་པའི་ལམ་ལུགས་ཀྱི་འཛུགས་སྐྲུན་ཆེད་འབད་རྩོད་བྱེད་རྒྱུ་འགོ་འཛུགས་བྱས་ཟིན་པ་དང་། སྤྱི་ལོ་ ༢༠༡༥ དཀྱིལ་ཙམ་ནས་དབུས་གཞུང་གིས་རྗེས་ཀྱི་ལོ་གསུམ་ནང་། གཙང་གསུམ་འབྱུང་ཁུངས་ (Sanjiangyuan region) བོད་མཚོ་སྔོན་མཐོ་སྒང་ཐེ་བའི་ལུང་པ་དེར་སྔོན་འགྲོའི་འཆར་འགོད་དགུ་ཙམ་གོང་འཕེལ་གཏོང་རྒྱུའི་འཆར་གཞི་ཡོད་ཚུལ་གསར་བསྒྲགས་བྱས།
A 1,23,100- མི་ཊར་གྲུ་བཞི་མ་ ༡༠༠ ལྷག་གི་མཚོ་སྔོན་པོའི་མངའ་ཁོངས་ནས་གཙང་གསུང་འབྱུང་ཁུངས་བདམས་ཡོད་ཅིང་། གཙང་གསུམ་འབྱུང་ཁུངས་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་རྣམས་ཀྱི་ཐོག་མིའི་འབྱུང་ཁུངས་ཡིན། ས་གནས་དེ་ཆ་ཚང་གིས་ཆུ་འཁོ་འདོན་བྱེད་ཚད་ནི། རྫ་ཆུས་ཆུ་ ༡༥% དང་། འབྲི་ཆུས་ ༢༥% རྨ་ཆུས་ ༤༩% ཡིན།
རྒྱ་ནག་གི་(བོད་ཀྱི་)ས་ཁུལ་ཁུག་ཀྱོག་འདིར་ཨེ་ཤི་ཡའི་ཆུའི་ལྕོག་མཁར་ཞེས་སུ་འབོད་པར་གྲགས། འོན་ཀྱང་ལྡོག་ཕྱོགས་ནས་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་ཡར་རྒྱས་སོགས་ཀྱིས། ས་ཁུལ་འདིའི་རྩ་ཐང་རྣམས་འགྱུར་བཞིན་འདུག་ལ། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་འཁྱམས་རོམ་ཞུ་བ་དང་། སྤང་ཐང་བྱེ་མར་འགྱུར་བ་སོགས་ཁོར་ཡུག་གི་སྤུས་ཚད་སྡུག་ཏུ་འགྲོ་བའི་དཀའ་ངལ་འཕྲད་བཞིན་འདུ་ཅིང་། དེའི་རྐྱེན་པས་རླན་ཤས་ཆེ་བའི་རྩ་ས་དེ་བྱེ་ཐང་དུ་འགྱུར་བཞིན་འདུག

ས་ཁྲ་བཟོ་མཁན། བྷེ་ཐ་ཝལ་ཁར། ༢༢ (bethwalker22)

ས་ཁྲ་བཟོ་མཁན། བྷེ་ཐ་ཝལ་ཁར། ༢༢ (bethwalker22)

ཟླ་བ་བཞི་པའི་ནང་མཚོ་སྔོན་སྲིད་གཞུང་གིས་རྒྱལ་ཡོངས་གླིང་ཁའི་ནང་གི་རིམ་པ་དམའ་བའི་ས་ཁུལ་བཞིའི་བཅད་མཚམས་བཟོས་པ་དང་། ཨན་གྷ་སའེ་ Angsai དང་གྲོང་སྡེ་གཞན་བཞི་མཉམ་དུ་རྫ་སྟོད་ (Zaduo) ཡུལ་གྱི་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༣.༧༠༠ ཡོད་པའི་ས་ཁུལ་ཞིག་རྫ་ཆུ་ཁའི་རིམ་པ་དམའ་བའི་ས་ཁུལ་ཆགས་པ་རེད།
ཨན་གྷ་སའེ་ Angsai སྟེ་ཀི་ལོ་མི་ཊར་གྲུ་བཞི་མ་ ༢.༠༠༠ ཆ་སྙོམ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ (metres) ༤ .༠༠༠༠ བོད་ཀྱི་འབྲོག་པའི་ཕྱུག་རྫི་རྣམས་ཨལྤ་རི་རྒྱུད་ཀྱི་ནེའུ་སེང་དང་། ལྡེའུ་འབུར་མང་པའི་སྤང་། བརྔམས་མཐུག་པའི་ནགས་ཚལ་སོགས་ན་གཏོས་ཆེ་བའི་རི་དྭགས་སེམས་ཅན་(གཅན་གཟན་སོགས་མང་)གྱི་འཁྲིས་སུ་སྡོད་ཀྱིན་ཡོད། གནས་དེ་ཡུལ་གཞན་དང་ལམ་ཐག་རིག་བའི་སྟབས་ཀྱིས། ས་གནས་ཀྱི་བོད་རིགས་རྣམས་ཁོར་ཡུག་གི་རང་བཞིན་གྱིས་ཉེ་འཁོར་གྱི་ས་ཁུལ་རྣམས་དང་འཛའ་མཐུན་ངང་འཚོ་བའི་སྣོད་བཅུད་རྟེན་འབྲེལ་གྱི་ལམ་ལུགས་སྐྱོན་ཆག་མེད་པ་ཞིག་ཉར་འཚག་བྱས་ཡོད། དེ་ལྟར་ས་གནས་འདི་ན་མིའི་གཞིས་ཆགས་ཀྱི་ཉེ་སར་གངས་གཟིག་ཀྱང་ཡང་ཡང་མཐོང་རྒྱུ་ཡོད་ཅིང་། འདི་ལོའི་འགོ་སྟོད་དུ་དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་ཨན་གྷ་སའེ་གཅན་གཟན་གནས་ཡུལ་གྱི་རང་བྱུང་ས་ཁུལ་དུ་གངས་གཟིགས་གཉིས་ཀྱི་འཁྲིག་སྤྱོད་བྱེད་བཞིན་པ་པར་ལེན་བྱས། དེ་ནི་འཛམ་གླིང་ནང་གི་ཆེས་ཐོག་མ་དེ་ཡིན། “བདེན་དཔང་གིས་ཁུངས་སྐྱེལ་ར་སྤྲོད་བྱས་པ་ལྟར་ན། ས་ཁུལ་དེའི་ནང་བདེ་ཐང་ཐོག་སེམས་ཅན་གྱི་རིགས་རྒྱུད་སྐྱེད་འཕེལ་བྱེད་བཞིན་ཡོད་འདུག” ཅེས། ཕེ་ཁིན་གཙུག་ལག་སློབ་གྲྭའི་སྐྱེ་དངོས་ཚན་རིག་དང་། ཁོར་ཡུག་གཉེར་སྲུང་སྐོར་གྱི་སློབ་དཔོན་(ལུའུ་ཀྲི?) (Lu Zhi)ཡིས་(རྒྱལ་ནང་གསར་ཤོག?) (domestic media )ཡིས་སྤྱི་ཟླ་བཞི་པའི་ཟླ་མཇུག་ཏུ་ཁོང་ལ་བཅར་འདྲི་བྱེད་སྐབས་སུ་གསུངས་འདུག
སྲོལ་རྒྱུན་རིག་གཞུང་ལྟར་ས་གནས་ཀྱི་བོད་རིགས་ཚོས་གངས་གཟིག་རྩ་ཆེན་དེ་མཐོང་བ་ནི་བྱིན་བརླབས་ཅིག་ཡིན་པར་སེམས་ཀྱིན་ཡོད། དེར་བརྟེན་རི་དྭགས་གསོད་པའི་བྱ་འགུལ་འགོག་པ་དང་། པར་ཆས་འཛུགས་པ། ཚན་རིག་རང་བཞིན་གྱིས་ཉེན་བརྡ་གཏོང་བ། གད་རྙིག་སྒྲུག་པ་སོགས་ཐེ་བའི་རི་སྐྱེས་སྲོག་ཆགས་གཅེས་སྲུང་གི་ཐོག་མའི་འགོ་འཛུགས་ལ་ཕྱུགས་རྫི་ཧ་ཅང་མང་པོ་ཞིག་གིས་མ་སྐུལ་དང་བླངས་ཀྱིས་ཧུར་བརྩོན་ཆེན་པོས་ཆ་ཤས་ལེན་བཞིན་ཡོད་འདུག
ཉེ་ཆར་རི་སྐྱེས་སྲོག་ཆགས་གཉེར་སྲུང་(NGO)ཧྲང་ཧྲུའེ་ནགས་ཚལ་གཉེར་སྲུང་ལྟེ་གནས་ཁང་(Shanshui Conservation Centre)གིས་ཉམས་ཞིབ་སྐབས། ས་གནས་དེར་བཙུགས་ཡོད་པའི་པར་ཆས་ཀྱིས་ཐོ་འགོད་དམ་བསྡུ་འཇུག་བྱས་པ་གངས་གཟིག་ ༡༣ དང་། གཟིག་ ༠༣ ནགས་གཟིག་ ༡༡ གཞན་གཅན་གཟན་གྱི་རིགས་ལུས་ཀྱི་ཐིག་ལེ་ལས་ངོས་འཛིན་བྱས་ཡོད་འདུག
“ཨན་གྷ་སའེ་ནི་ད་ལྟའི་བར་གངས་གཟིག་སོགས་གཅན་གཟན་གནས་ཡུལ་ཉམས་ཆག་མེད་པ་ཞིག་ཡིན་པ་རྣམ་གྲངས་རིག་པའི་སྒོ་ནས་མཚོན་གྱིན་ཡོད།” ཅེས། ཧྲང་ཧྲུའུ་ནས་ཡིན་པའི་ཀྲོའོ་ཤིན་གྱིན་གསུངས།

མི་མང་གིས་ཐེ་གཏོགས།

རྫ་སྟོད་ཀྱི་ལྷན་ཚོགས་དེའི་དྲུང་ཆེ་ཚེ་དོན་གྲུབ་(Tsedan drul)ཀྱིས་བཤད་རྒྱུར། “མི་མང་གི་མཉམ་ལས་དང་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཟུང་དུ་སྦྲེལ་ཏེ་ཁོར་ཡུག་དང་ནགས་ཚལ་གཉེར་སྲུང་ཐུབ་པར་འབད་ཀྱི་ཡིན་ཞེས་དང། རྫ་སྟོད་རྫོང་གིས་སྔོན་འགྲོའི་ལས་འཆར་དེར་བྱུས་འགོད་བྱེད་ཕྱིར་ས་གནས་མི་འདྲ་བ་ནས་ཆེད་ལས་པ་གདན་འདྲེན་ཞུས་ཡོད། ད་དུང་ང་ཚོས་ཧྲང་ཧྲུའུ་ལ་གྲུ་པ་མཁས་ཅན་གདན་འདྲེན་ཞུ་རྒྱུ་དང་། ས་གནས་ཀྱི་སྲོལ་རྒྱུན་ཐབས་ལམ་དང་། ཚན་རིག་དང་མཐུན་པའི་སྐྱེ་དངོས་ཚན་རིག་གི་ཐབས་ལམ་སོགས་ཟུང་དུ་སྦྲེལ་ནས་། ས་གཤིས་ཆེད་ལས་པའི་སྣེ་ཁྲིད་དེ་བྲག་རྡོའི་ཆགས་སྟངས་དང་བཟོ་བཀོད། ས་གཤིས་སོགས་ལ་ཉམས་ཞིབ་བྱེད་ཀྱི་ཡིན། དེར་མ་ཟད་ང་ཚོས་ད་དུང་སྣོད་བཅུད་རྟེན་འབྲེལ་གྱི་ཡུལ་སྐོར་བའི་ཆེད་མཁས་པ་རྒྱལ་ཡོངས་ཀྱི་གླིང་ཁ་དེའི་ནང་གདན་འདྲེན་ཞུ་རྒྱུ་ཡིན།” ཟེར།
ས་གནས་མང་ཚོགས་ཀྱིས་མཉམ་ལས་བྱེད་ཕྱིར། སྤྱི་ཟླ་ ༠༧ པའི་ནང་། གླིང་ཁ་དེའི་དཔོན་རིགས་ཀྱིས་ས་ཁུལ་དེའི་ནང་གི་མི་ཚང་རེ་ནས་ནགས་ཚལ་དོ་དམ་པ་རེ་ལ་གླ་ཆ་སྤྲོད་བའི་ལམ་སྲོལ་བཏོད། སྤྱི་ལོ་ ༢༠༡༧ ལོ་མཇུག་ཏུ་ནགས་ཚལ་དོ་དམ་པ་ ༧.༠༠༠ བརྒལ་བ་གླས་ཚར་བ་དང་། ཟླ་བ་རེར་རྒྱ་སྒོར་ ༡.༨༠༠ (ཨ་སྒོར་ ༢༥༠)སྤྲོད་རྒྱུ་ཡིན་འདུག་ཅིང་། དེ་ནི་ས་ཁུལ་དེའི་ནགས་ཚལ་དོ་དམ་པ་རྣམས་ལ་སྤྱི་ལོ་ ༢༠༡༤ ནས་བཟུང་རྒྱ་སྒོར་ ༡.༨༥༠ (ཨ་སྒོར་ ༢༧༥) གླ་ཆར་སྤྲོད་བཞིན་པའི་ཁ་སྣོན་ལྟ་བུ་ཡིན་འདུག
ལས་སྣེ་དེར་བཀོད་བཞག་བྱས་པའི་མི་དེ་དག་ལ་སྦྱོང་བརྡར་སྤྲད་རྗེས། རྒྱལ་ཡོངས་ཀྱི་གླིང་ཁ་དེའི་གད་སྙིགས་བསྡུ་རུབ་དང་། རི་སྐྱེས་སྲོག་ཆགས་ལ་བྱ་ར་བྱེད་པ། སྐམས་ས་དང་རློན་ཁུལ་ལ་ལྟ་སྲུང་བྱེད་པ་སོགས་ཀྱི་ལས་འགན་ཡོད་འདུག

གླིང་ཁའི་གྲ་སྒྲིག

སྤྱི་ཟླ་ ༠༨ པའི་ནང་རྫ་སྟོད་རྫོང་སྲིད་གཞུང་དང་། ཧྲང་ཧྲུའེ་མཉམ་སྦྲེལ་ཐོག་རང་བྱུང་ཁམས་ལ་ཞིབ་རྟོགས་ཀྱི་བྱ་འགུལ་ཞིག་གང་མགྱོགས་ཨན་གྷ་སེ་རྒྱལ་ཡོངས་གླིང་ཁ་(Angsai National Park.)རུ་འགྱུར་རྒྱུའི་ས་ཁུལ་དུ་སྤེལ་ཡོད་པ་དང་། ཁོང་ཚོས་བྱ་ལ་ལྟ་བ་དང་། རང་བྱུང་ཁམས་ལ་པར་ལེན་བྱེད་པ་སོགས་ལ་ཆ་ཤས་ལེན་མཁན་རབ་བྱུང་ཁམས་ལ་དགའ་པོ་བྱེད་མཁན་གྱི་མི་གྲངས་ ༤༠ ལྷག་གདན་འདྲེན་ཞུས་ཡོད་པ་དང་། བྱ་འགུལ་འདིའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་གླིང་ཁ་དེའི་ནང་སྣོད་བཅུད་ཡུལ་སྐོར་གྱི་ལས་འགུལ་ཡིན་པ་ཕུད། ད་དུང་ས་ཁུལ་དེར་གནས་པའི་སྲོག་ཆགས་རྣམས་དང་། རྩི་ཤིང་ནགས་ཚལ་སོགས་ལ་དཔྱད་ཞིབ་ཀྱི་རྒྱབ་ལྗོངས་ཞིང་མགྱོགས་མྱུར་ངང་རག་པར་བྱེད་རྒྱུ་ཡང་ཡིན་འདུག
ཨན་གྷ་སའེ་གྲོང་སྡེའི་མགོ་གཙོ་བུ་ཉི་མས་བཤད་པ་ལྟར་ན། ས་གནས་ཀྱི་འབྲོག་པ་ ༣༠༠ བརྒལ་བ་བྱ་འགུལ་དེར་ཚུད་ཡོད་པ་དང་། ཁ་ལོ་བ་དང་སྣེ་ཤེན་པ་བསྡོམས་པའི་མི་ ༡༥ ལ་ཉིན་རེར་མི་རེ་ལ་རྒྱ་སྒོར་ ༥༠༠ སྤྲད་ནས་གླས་པ་དང་། བྱ་འགུལ་དེར་ཞུགས་མཁན་ལ་སྡོད་ཁང་དང་། འགྲུལ་གླ་སོགས་རྫ་སྟོད་རྫོང་སྲིད་གཞུང་གིས་སྤྲོད་ཀྱིན་ཡོད་འདུག
ས་ཁུལ་དེའི་ནང་གི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་པར་བཞིགས་ན། ཉིན་བཞི་པའི་བྱ་འགུལ་ལ་རྒྱ་སྒོར་ས་ཡ་གཅིག (ཨ་སྒོར་ $༡༥༠.༠༠༠) ཙམ་གྱི་མ་འཇོག་བྱེད་མཁན་བྱུང་ཡོད་འདུག བུ་ཉི་མས་བརྗོད་རྒྱུར། “ང་ཚོའི་རེ་བར་སྣོད་བཅུད་རྟེན་འབྲེལ་གྱི་ཡུལ་སྐོར་ལས་གཞི་འདི་ཨན་གྷ་སའེ་ནང་སྤྱིར་བཏང་གིས་སྐོལ་སྤྱོད་ལེགས་པོ་ཡོང་རྒྱུ་དང་། ས་གནས་ཀྱི་འབྲོག་པ་རྣམས་ལ་ཡོང་འབབ་མང་ཙམ་འཁྱེར་ཡོང་རྒྱུའི་རེ་བ་ཡོད།” ཅེས་དང་། “ཉེ་ཆར་ང་ཚོས་རི་སྐྱེས་སྲོག་ཆགས་ལ་པར་ལེན་དང་། བརྟག་ཞིབ། རྨ་ཆུར་གྲུ་གཏོང་བ་སོགས་བྱེད་པར་ཡོང་མཁན་གྱི་ཡུལ་སྐོར་བ་རྣམས་ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ལས་རིམ་དེ་ལྟ་བུ་ལག་བསྟར་བྱེད་ཐུབ་མིན་ཚོད་ལྟའི་སླད། ང་ཚོའི་ས་གནས་སྲིད་གཞུང་གིས་བྱེད་སྒོ་དེར་དཔལ་འབྱོར་གྱིས་རོགས་རམ་གནང་བྱུང་།” ཞེས་བརྗོད།
ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་གླིང་ཁའི་འཆར་གཞི་དེའི་ཡར་རྒྱས་ལ་སྤྲོ་སེམས་ཆེན་པོ་བྱེད་བཞིན་ཡོད་འདུག ལོ་ ༢༩ ཡིན་པའི་ཁ་ལོ་བ་དང་སྣེ་ཤན་པ་རྒ་མ་ཞེས་པས་ཁོ་རང་མ་འོངས་པའི་ཨན་གྷ་སའེ་སྣོད་བཅུད་རྟེན་འབྲེལ་ཡུལ་སྐོར་གྱི་ལས་འཆར་དེར་མཉམ་ཞུགས་བྱེད་ཐུབ་པར་ཧ་ཅང་དགའ་པོ་ཡོ་ལུགས་བརྗོད་འདུག
“ཚན་རིག་སློབ་གཉེར་ཁང་གི་རྒྱབ་སྐྱོར་དང་། སྤྱིར་བཏང་མི་མང་གི་འཛུལ་ཞུགས། ས་གནས་མང་ཚོགས་ཀྱིས་ཆ་ཤས་བླངས་པ་སོགས་ཀྱིས་ང་ཚོས་རྒྱལ་ཡོངས་གླིང་ཁའི་འཆར་གཞི་ལག་ལེན་ཀྱིས་ཁོར་ཡུག་གཅེས་སྲུང་གི་ཉམས་མྱོང་མིག་དཔེར་འོས་པ་འཐོབ་བཞིན་ཡོད།” ཅེས་ས་སྡི་ཚེ་ལྡན་ (Sad Tsedan)ལགས་ཀྱིས་བཤད།

འཛིན་སྐྱོང་གི་དཀའ་ངལ།

ད་ལྟ་བར་དུ་ཨན་གྷ་སའེ་རྒྱལ་ཡོངས་གླིང་ཁའི་ཡུལ་སྐོར་ལས་གཞིའི་ཞིབ་འཆར་གང་ཡང་བཀོད་མེད་ཅིང་། ཡུལ་སྐོར་བ་སུ་ཡིན་ཚང་མ་ནང་ལ་ཡོང་དུ་བཅུག་ཡོད་འདུག གནས་ཚུལ་ཡོང་ཁུངས་ཁ་ཤེས་ཀྱིས་བརྗོད་པར་གཞིགས་ན། སྣོད་བཅུད་རྟེན་འབྲེལ་གྱི་ཡུལ་སྐོར་ཚོགས་པས་གཏོས་ཆེ་བའི་ཡུལ་སྐོར་བར་སྣེ་ལེན་བྱེད་རྒྱུར་མ་འོངས་པར་ཚད་དཀག་བཟོ་སྲིད་པར་བཤད་ཡོད་ཀྱང་། དེ་ཇི་ལྟར་ཡིན་མིན་སྐོར་ད་དུང་ཡང་ཞིབ་ཕྲའི་འགྲེལ་བཤད་གང་ཡང་འཁོད་མེད་པ་ཡིན་འདུག
“ངའི་བསམ་ཚུལ་ལྟར་ན་ང་ཚོས་འབྲུལ་ཡུལ་གྱི་སྣོད་བཅུད་རྟེན་འབྲེལ་གྱི་ཡུལ་སྐོར་སྟང་འཛིན་དང་། ལེགས་གྲུབ་ལ་སློབ་སྦྱོང་བྱེད་ཕྱིར་ང་ཚོ་ངེས་པར་དུ་འབྲུག་ཡུལ་ལ་འགྲོ་དགོས་ཀྱི་རེད་དྲན་བགྱི་འདུག” ཅེས་རྒྱལ་ཡོངས་ཀྱི་གླིང་ཁའི་གཞུང་ལས་ཁང་གི་ཚོགས་མི་ཉི་དགའ་ལགས་ཀྱིས་བཤད། འབྲུལ་ཡུལ་གྱི་ཡུལ་སྐོར་ནི་ཉིན་རེར་ཡུལ་སྐོར་བ་མི་རེས་ཨ་སྒོར་ $༢༠༠ ནས་ $༢༥༠ ཙམ་གྱི་ཁྲལ་འཇལ་དགོས་པའི་དམ་བསྒྲགས་ཆེན་པོས་སྟངས་འཛིན་བྱེད་བཞིན་ཡོད་འདུག

རྫ་སྟོད་རྫོང་གི་འགོ་པ་དང་གནས་ཚུལ་མཁོ་སྤྲོད་པ་ཉི་དགའ།

རྫ་སྟོད་རྫོང་གི་འགོ་པ་དང་གནས་ཚུལ་མཁོ་སྤྲོད་པ་ཉི་དགའ།

ཨན་གྷ་སའེ་རྒྱལ་ཡོངས་གླིང་ཁར་རྒྱལ་ཁབ་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། སྤྱི་ཟླ ༠༩ པའི་ཟླ་མཇུག་ཏུ་མཚོ་སྔོན་པོར། ཁོང་སྒེར་གྱིས་འགྲུལ་བཞུད་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིང་ཨན་གྷ་སའེ་ས་གནས་སྲིད་གཞུང་གི་འགོ་ཁྲིད་རྣམས་དང་མཉམ་དུ་ལྷན་ཚོགས་ཤིག་སྐོང་འཚོགས་གནང་ཞིང་། ཁོང་གིས། “མཚོ་སྔོན་ས་ཁུལ་གྱིས་ངེས་པར་དུ་རང་བྱུང་ཁམས་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་དགོས་ཤིང་། རྒྱལ་ཡོངས་སྣོད་བཅུད་རྟེན་འབྲེལ་གྱི་བདེ་སྲུང་ལྕགས་རི་སྲ་བརྟན་བསྐྲུན་ཏེ། སྣོད་བཅུད་རྟེན་འབྲེལ་གྱི་དགོས་མཁོ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སོགས་ཁྱོན་ཡོངས་ལ་འགན་སྲུང་བྱེ་དགོས།” ཞེས་བཤད།
རྒྱ་ནག་གི་སྲུང་སྐྱོབ་ས་ཁུལ་གྱི་འཛིན་སྐྱོང་ནི་ཛ་ཛོར་དང་། ཆ་དགོས། འཛིན་བྱང་འཚོང་སྟེ་དངུལ་འབོར་ཆེན་གསག་རྒྱྱུར་དམིགས་སྟེ་སྐྱེད་ཚལ་རྣམས་གང་ཟག་མི་འདྲ་བ་རྣམས་ཀྱིས་བདག་འཛིན་སོགས་རྒྱ་སྐྱེད་དུ་གྱུར་ཡོད། དེའི་སྟབས་ཀྱིས་ཁོར་ཡུག་ལ་ཐེབས་པའི་གནོད་སྐྱོན་འགོག་རྒྱུར་ལམ་ལྷོང་བྱུང་མེད། དེས་བས་ཨན་གྷ་སའེ་རྒྱལ་ཡོངས་གླིང་ཁས་འབྲེལ་ཡོད་སྲིད་གཞུང་གི་སྡེ་ཚན་མི་འདྲ་བ་ནས་ལས་བྱེད་སྡུ་སྐོང་གིས་ལམ་ལུགས་གསར་པ་ཆ་ཚང་ཞིག་བཟོས་ཡོད། ལམ་ལུགས་དེ་ནི་ད་ཡོད་ཀྱི་ས་གནས་དང་སྡེ་ཚན་ཁག་གི་ཁེ་ཕན་ཆེད་སྐོར་སྤྱོད་བྱེད་ཀྱིན་པའི་འགྲོ་སྟངས་བཀག་ནས་སྐྱེད་ཚལ་འདི་ཉིད་མི་མང་གི་ཁེ་ཕན་ཆེད་དུ་བསྐྲུན་རྒྱུ་དེ་ཡིན་འདུག
“ད་ལྟ་ས་ཁུལ་འདི་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོབ་ལ་སྣེ་ཁྲེད་དང་སྟངས་འཛིན་དོན་ཕན་ལྡན་པ་ཡོང་ཕྱིར། རྒྱལ་ཡོངས་གླིང་ཁའི་རྨ་ཆུ་གཙང་པོའི་གཞུང་ལས་ཁང་གིས་ལས་བྱེད་ ༤༨ ལྡན་པའི་ཚོགས་ཆུང་རྩ་འཛུགས་གནང་ཟིན་པ་རེད།” ཅེས་ཚེ་ལྡན་ལགས་ཀྱིས་བཤད།
དེ་དག་ལག་བསྟར་བྱེད་པར་ཚུ་ཧའེ་གཙུག་ལག་སློབ་གྲྭའི་ཡུལ་ལྗོངས་བཟོ་བཀོད་སྡེ་ཚན་གྱི་འགོ་གཙོ་དང་། རྒྱལ་ཡོངས་གླིང་ཁའི་ལས་འཆར་གྱི་ཆེ་དུ་དབུས་གཞུང་གིས་བཀོད་བཞག་གནང་བའི་ཆེ་ལས་པའི་ཚན་ཁག་གི་ཚོགས་མི་ཡང་རུའེ་(Yang Rui) ཡིས་མོས་མཐུན་རྒྱབ་བསྐྱོར་གནང་བ་ཞིག་ཡིན་འདུག
འོང་ཀྱང་ཁོང་གིས། “རྦད་དེ་སོ་སོ་བ་ཡིན་པའི་འཛིན་སྐྱོང་གཞུང་ལས་ཁང་འཛུགས་པ་ནི། སྲུང་སྐྱོབ་ས་ཁུལ་གྱི་གཞུང་གི་སྡེ་ཚན་མི་འདྲ་བའི་ད་ཡོད་ཁེ་ཕན་ལ་གནོད་ཀྱི་རེད།” ཅེས་ཀྱང་གླེང་ཡོད་འདུག
གང་ལྟར་ཞིབ་དཔྱོད་དང་བཅལ་འདྲི་བྱས་པ་བརྒྱུད། རང་དབང་གི་ལམ་ལུགས་ནི་ཤོག་བུ་ཐོག་ཏུ་ཡོད་པ་གཅིག་པུ་ཡིན་ཚུལ་གསལ་པོར་གྱུར་ཡོད་འདུ་ཅིང་། རྫ་སྟོད་ས་གནས་སྲིད་གཞུང་གིས་ཨན་གྷ་སའེ་རྒྱལ་ཡོངས་གླིང་ཁའི་འཛིན་སྐྱོང་གཞུང་ལས་ཁང་གི་ཐོག་ཏུ་ད་དུང་ཡང་སྟངས་འཛིན་ཆ་ཚང་བྱེད་བཞིན་ཡོད་འདུག་པ་དང་། གོང་མཁོད་ལས་བྱེད་ ༤༨ པོ་ཚང་མས་ས་གནས་སྲིད་གཞུང་གི་སྒྲིག་འཛུགས་ནང་སྔར་གྱི་ལས་ནས་ཐོག་མུ་མཐུད་ནས་འགན་ཁུར་བྱེད་བཞིན་ཡོད་འདུག
དཔེར་ན། ཨན་གྷ་སའེ་རྒྱལ་ཡོངས་གླིང་ཁའི་རྨ་ཆུ་གཙང་པོའི་གཞུང་ལས་ཁང་གི་དྲུང་ཆེ་དང་། རྫ་སྟོད་ཡུལ་གྱི་ཚོགས་སྡེའི་དྲུང་ཆེ་ཚེ་ལྡན་ལགས་ཕུད། རྨ་ཆུ་གཙང་པོའི་རྒྱལ་ཡོངས་གླིང་ཁའི་ཐབས་བྱུང་གཞུང་ལས་ཁང་གི་འགོ་གཙོ་ཉི་དགའ་ཡང་ད་དུང་ཁོ་རང་གི་ལས་གནས་འཛིན་བཞིན་ཡོད་འདུག
རྒྱལ་ཡོངས་ཀྱི་གླིང་ཁའི་གཞུང་ལས་ཁང་གི་ལས་བྱེད་རྣམས། ཕྱོགས་གཉིས་སུ་ཕྱེས་སྟབས། ང་ཚོས་གླིག་ཁ་འདིའི་སྒྲིག་འཛུགས་ཀྱི་ནང་དུ་ལས་ཀ་བྱེད་རྒྱུར་སེམས་ན་བ་ཞིག་རེད། ཅེས་དང་། གསར་དུ་བཀོད་བཞགས་བྱས་པའི་ལས་བྱེད་ཉི་དགའ་ལ་ལག་ལེན་གྱི་ཐོག་ནས་དབང་ཆ་གང་ཡང་མེད་པར་གླིང་ཁ་ནི་ད་དུང་ས་གནས་སྲིད་གཞུང་གི་བཀོད་བྱུས་འོག་ཡོད་འདུག
ཁ་སྣོད་ཚུལ་དུ་ཞུ་རྒྱུར་རྒྱལ་ཡོངས་ཀྱི་གླིང་ཁའི་མ་ལག་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་གསར་པ་མེད་ཚེ། ལས་བྱེད་རྣམས་ཀྱིས་ད་ཡོད་ཀྱི་སྒྲི་སྲོལ་ལ་བརྟེན་ནས་ས་ཁུལ་འདི་སྲུང་སྐྱོབ་བྱེད་དགོས་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ནི་ཉི་དགའ་ལ་བལྟོས་ནས་འཛིན་སྐྱོང་གསར་པས་ས་ཁུལ་འདིར་བྱུང་སྲིད་པའི་གཏེར་ལས་ཀྱི་བྱ་འགུར་འགའ་བྱ་ཐབས་ནུས་ལྡན་གྱིས་འགོག་ཐུབ་པ་བྱུང་བ་དེ་རེད།

ལེགས་སྦྱང་གི་ཉམས་རྒུད།
དཔྱིད་ཀར་ཁེ་བཟང་ཅན་གྱི་ཡོང་འབབ་དབྱར་རྩ་དགུན་འབུ་རྐོ་རྒྱུ་སོགས་ཀྱིས་རྐྱེན་པས་ཨན་གྷ་སའེ་དང་། ཉེ་འཁོར་གྱི་རྩ་ཐང་ཁག་གི་འབྲོག་པ་རྣམས་ཀྱིས་སྒོ་ཕྱུགས་སོགས་འཚོང་སྒྱུར་བྱས་ཏེ། སྲོལ་རྒྱུན་གྱི་འབྲོ་པའི་འཚོ་བ་སྐྱེལ་སྟངས་གཡུག་སྟེ་གྲོང་ཁྱེར་ཡོད་སར་གནས་སྤོ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་བཞིན་ཡོད་འདུག།
སྤྱི་ལོ་ ༢༠༡༣ ལོར་ལམ་ཐེབས་ཆག་ཅིག་བཟོས་ཤིང་། འབར་འབུར་གྱི་ཀྱི་ཐོག་ནས་རླངས་འཁོང་བཏང་ནས་སྔོན་ཉིན་གཉིས་ལ་རྟ་ཞོན་ནས་འགྲོ་དགོས་ས་དེར་ཆུ་ཚོད་གཉིས་ཙམ་ལ་སླེབས་པར་བཟོས། འོན་ཀྱང་སྒོར་གྱིས་རྐྱེན་པས་ས་ཁུལ་དེའི་ཡུལ་སྲོལ་དང་ཆོས་ཕྱོགས་ཀྱི་ལམ་ལུགས་ཉམས་རྒུད་ཏུ་འགྲོ་བཞིན་པར་མངོན་བཞིན་ཡོད་འདུག
འབྲོག་པ་མང་ཆེ་བ་སྔར་བཞིན་ཡང་ཡང་དགོན་པར་མི་འགྲོ་བའམ་ཡང་ན་གྲྭ་པ་ཚོར་དངུལ་གྱི་ཞལ་འདེབས་འབུལ་གྱི་མེད་པ་ནི་བོད་རིགས་སྤྱི་ཚོགས་ནང་མཐོང་དཀོན་པའི་སྣང་ཚུལ་ཞིག་ཡིན་པ་རེད། བོད་ཀྱི་ནང་པའི་སྲོལ་རྒྱུན་དུ། གནས་རི་བྱིན་བརླབས་ཅན་གྱི་ཉེ་འཁོར་དུ་རྔོན་བརྒྱག་པ་དང་། རང་བྱུང་ཁམས་ལ་གུས་བརྩི་མི་བྱེད་པ་སོགས་ནི་བཀག་སྡོམ་བྱས་ཡོད་ཀྱང་། ཨན་གྷ་སའེ་ནང་དུ་ལུགས་སྲོལ་དེ་དག་ཀྱང་ཡལ་བཞིན་ཡོད་འདུག
ཁུལ་དེའི་འབྲོག་པ་བློ་གྲོས་ལགས་ཀྱིས། “ངས་གོ་ཐོས་ལ་ང་ཚོ་བྱིས་པ་ཡིན་སྐབས་ང་ཚོའི་ཉེ་ས་འདིར་གནས་རི་བྱིན་བརླབས་ཅན་ཅིག་ཡོད་པ་གོ་མྱོངས། འོན་ཀྱང་ཉེ་བའི་ལོ་བཅུ་ཕྲག་འགའི་ནང་ས་གནས་ཀྱི་མི་མང་གིས་ག་ལེ་ག་ལེར་རི་དེ་གནས་རི་ཡིན་ཚུལ་ཤོད་རྒྱུའམ་སྲོལ་རྒྱུན་གྱི་རྗེས་སུ་འབྲང་རྒྱུ་མཚམས་འཇོགས་བྱས་ཡོད་འདུག” ཅེས་གསུངས།
འབྲོག་པའི་ཡུལ་སྲོལ་དང་ཉམ་དུ་བོད་ཀྱི་ནང་པའི་སྲོལ་རྒྱུན་ཀྱང་མི་མངོན་པར་འགྱུར་བཞིན་ཡོད་འདུག བློ་གྲོས་ཀྱི་ཉེ་འདབ་ན་ཡོད་པའི་དགོན་པ་གཅིག་པུ། ལོ་ ༩༠༠ སོང་པ་དེ་ཡང་འདས་པའི་ལོ་གཅིག་ཙམ་གྱི་ནང་དུ་གྲྭ་པ་རྣམས་ཀྱིས་དོར་ནས་ཕྱིར་སྐྱོད་བཞིན་པ་ཡིན་འདུག་ལ། དགོན་པ་དེའི་ཉེ་འཁོར་དུ་ཡོད་པའི་གནའ་བོའི་མཆོད་རྟེན་གསུམ་ཡང་རྡིབ་སྐྱོན་བྱུང་བའམ་འཇིག་ཉེན་གྱི་འོག་ཏུ་གནད་ཡོད་འདུག
སྤྱི་ལོ་ ༢༠༡༤ ལོར་མཆོད་རྟེན་གཅིག་ལ་ས་གནས་ཀྱི་རྐུ་མས་གཏོར་སྐྱོན་བཏང་སྟེ། གནའ་བོའི་ནང་པའི་དཔེ་ཆ་འགའ་དང་། ད་དུང་ཅ་དངོས་གཞན་འགའ་ཞིག་ལ་བདག་སྐྱོང་གི་འབད་རྩོན་གང་ཡང་མེད་པར་གང་སར་ཐོར་ནས་ཡོད་འདུག ཨན་གྷ་སའེ་དང་བླངས་ནགས་ཚལ་ལྟ་སྲུང་བ་བསོད་ནམས་དར་རྒྱས་ཀྱིས། “འདས་པའི་ལོ་གཉིས་ཀྱི་ནང་གི་ཡུལ་སྐོར་བའི་འདུས་ཚད་དེས་མཆོད་རྟེན་དེ་དག་གི་གནས་སྟངས་སྡུག་ཏུ་བཏང་སོང་།” ཞེས་འགྲེལ་བརྗོད་གནང་འདུག

གཏོར་སྐྱོན་བཏང་བའི་མཆོད་རྟེན་ལས་བྱུང་བའི་གནས་བོའི་ནང་པའི་གསུང་རབ་དང་རིང་བསེར་འགའ། ཝང་ཡན་གྱིས་པར་བླངས།

གཏོར་སྐྱོན་བཏང་བའི་མཆོད་རྟེན་ལས་བྱུང་བའི་གནས་བོའི་ནང་པའི་གསུང་རབ་དང་རིང་བསེར་འགའ། ཝང་ཡན་གྱིས་པར་བླངས།

ཁོར་ཡུག་སྲུང་སྐྱོབ་པ་གྲྭ་བཀྲ་ཤིས་སངས་རྒྱས་ཀྱིས་ས་ཁུལ་དེའི་མ་འོངས་པའི་ཡར་རྒྱས་ལ་སེམས་ཁྲལ་ཆེན་པོ་གནང་བཞིན་ཡོད་པ་དང་། “ཨན་གྷ་སའེ་ནི་རིག་གཞུང་དང་སྒྱུ་རྩལ་གྱིས་ཕྱུག་སྟབས་ལོ་སྟོང་ཕྲག་གི་རྗེས་ཤུལ་མཚོན་ཐུབ་པའི་ས་ཁུལ་གཅིག་ཡིན་པ་དང་། ཡུལ་དེའི་རིག་གཞུང་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཡོངས་ཀྱི་གླིང་ཁའི་ནང་གི་ནགས་ཚལ་དང་སེམས་ཅན་ལ་སྲུང་སྐྱོབ་བྱེད་པ་དང་གལ་ཆེ་ཆུང་གཅིག་པ་རེད།” ཅེས་བཀྲ་ཤིས་ལགས་ཀྱིས་གསར་འགོད་པ་ཚོར་གསུངས་འདུག
བཀྲ་ཤིས་ཀྱིས་མུ་མཐུད་དེ་གསུངས་དོན། “ང་ཚོའི་རྒྱལ་ཡོངས་གླིང་ཁ་མ་འོངས་པར་གང་འདྲ་ཆགས་མིན་ངས་མི་ཤེས། ངས་སེམས་འཁུར་བྱེད་བཞིན་པ་ལྟར་ངེས་པར་དུ་འབྱུང་སྲིད་པ་ཞིག་ནི། གལ་ཏེ་ས་ཁུལ་འདི་ནས་འབྲོག་པ་རྣམས་གནས་སྤོས་ཟིན་པ་དང་། དགོན་པ་དང་གྲྭ་པ་མེད་པ་ཡིན་ན་གངས་གཟིག་དང་། དོམ་རྒྱ་སྨུག་སོགས་ཀྱི་གྲངས་འབོར་ཇི་ཙམ་འཕེལ་ཀྱང་ལུང་གཤོངས་འདི་ཤི་ཚར་བ་རེད།” ཅེས་ཟེར།
ཉི་དགའ་ལགས་ཀྱིས་གོང་མཚུངས་ཀྱི་སེམས་ཁྲལ་བརྗོད་དོན། “སྐབས་ཤིག་ན་དབྱར་རྩྭ་དགུན་འབུ་གོང་མི་ཁུག་པར་གྱུར་པ་ཡིན་ན། རྩྭ་ཐང་དང་འབྲོག་པའི་འཚོ་བ་སྐྱེལ་སྟངས་གཡུག་བཞག་པའི་འབྲོག་པ་རྣམས་ལ་ལྟོ་གོས་འཚོལ་བའི་ལམ་ཁ་གཞན་གཏན་ནས་མེད། དེ་འདྲའི་སྐབས་སུ་ཁོང་ཚོས་རི་སྐྱེས་སྲོག་ཆགས་དང་། སྐྱེ་དངོས་ཀྱི་ཐོན་ཁུངས་བེད་སྤྱོད་མི་བྱེད་པ་སུ་ཞིག་གིས་གཏན་འཁེལ་ཐུབ་བམ།” ཅེས་ཟེར།
རྩོམ་ཡིག་འདི་ཐེངས་དང་པོར་སྣེ་གསུམ་པའི་ཐོག་ཏུ་མངོན།

[email protected] དྲ་གནས་ལས་ཕབ་སྒྱུར་བྱས།

ཐེངས་ 422 བཀླགས་འདུག