Donate

མངའ་རིས་ཕྱོགས་ཀྱི་གངས་རུད་ནི་འཛམ་གླིང་གི་ཚ་དྲོད་རྒྱས་བས་རེད།

མངའ་རིས་ཕྱོགས་ཀྱི་གངས་རུད་ནི་འཛམ་གླིང་གི་ཚ་དྲོད་རྒྱས་བས་རེད།

མངའ་རིས་ཕྱོགས་ཀྱི་གངས་རུད་ཆེན་པོ་བྱུང་བར་ཞིབ་འཇུག་བྱས་བ་ལྟར་ན་དེ་ནི་འཛམ་གླིང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་པས་ཡིན་འདུག
བོད་ནང་འདི་ལོའི་ཕྱི་ཟླ་ ༧ པར་གངས་རུད་རྒྱབ་པའི་ཚབས་ཆེའི་རྐྱེན་ངན་ཞིག་བྱུང་ཡོད་པ་དེ་བཞིན་འཛམ་གླིང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཡིན་སྲིད་པ་ཉམས་ཞིབ་པ་ཚོས་ཚོད་དཔག་གནང་གི་ཡོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༧ ཉིན་བོད་ཀྱི་ནུབ་ཕྱོགས་སྟོད་མངའ་རིས་ས་གནས་ཤིག་ཏུ་གངས་རུད་ཧ་ཅང་ཆེན་པོ་ཞིག་བྱུང་བའི་ནང་མི་གྲངས་དགུ་རྐྱེན་འདས་སུ་གྱུར་ཡོད་ཅིང༌། འབྱུང་བའི་རྐྱེན་ངན་དེའི་ཐད་ཨ་རིའི་ Ohio མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་(Lonnie Thompson) གྱི་གཙོས་པའི་འཛམ་གླིང་གི་ས་ཁམས་རྟགས་ཞིབ་ཚན་རིག་པ་ཁག་ཅིག་གིས་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདི་ཚེས་ ༩ ཉིན་འདོན་སྤེལ་གནང་བའི་ནང༌། གངས་རུད་དེའི་སྐབས་དུས་ཡུན་ཐུང་ངུའི་ནང་གློ་བུར་དུ་འཁྱག་རོམ་ཊོན་ས་ཡ་ ༧༠ འཛག་ཏེ་སྤྱི་ལེ་བཅུ་མིན་ཙམ་གྱི་ས་ཁྱོན་ཁེངས་ཡོད་པ་དང༌། འདི་ལྟ་བུའི་གངས་རུད་ཆེན་པ་རྒྱབ་པར་འཁྱག་རོམ་བཞུར་དགོས་ངེས་ཡིན་པར་སོང༌། མཐོ་སྒང་བོད་ཀྱི་ས་ཁུལ་དུ་དེ་སྔ་བྱུང་མྱོང་མེད་པའི་ཚབས་ཆེའི་འབྱུང་བའི་རྐྱེན་ངན་འདི་ལྟབུ་ཡོང་དགོས་དོན་ནི་འཛམ་གླིང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཡིན་པ་ལས། དེ་མིན་དངོས་ར་འཕྲོད་པའི་རྒྱུ་མཚན་གཞན་གཟིགས་ཀྱི་མེད་པའི་དགོངས་ཚུལ་གསུངས་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 421 བཀླགས་འདུག