Donate

མཚོ་སྔོན་གསེར་ཆེན་རྫོང་ཁོངས་ནས་རྡོ་ཀ་མ་རུ་པ་སྔོག་བཞིན་པར་བོད་མིས་ཞུ་གཏུག

ཉེ་བའི་ཆར་བོད་ནང་གི་ཨ་མདོ་མཚོ་སྔོན་ཁུལ་དུ་གཏེར་ཁ་སྔོག་འདོན་རིགས་མཚམས་འཇོག་བྱེད་བཞིན་ཡོད་ཀྱང༌། མཚོ་སྔོན་གསེར་ཆེན་རྫོང་དུ་རྡོ་ཀ་མ་རུ་པའི་གཏེར་ཁ་གསང་བའི་ཐོག་ནས་སྔོག་འདོན་བྱེད་བཞིན་པར་ས་གནས་བོད་མི་ཚོས་རྫོང་སྲིད་གཞུང་ལ་ཞུ་གཏུགས་བྱས་འདུག

རྡོ་ཀ་མ་རུ་པ་དབོར་འདྲེན་བྱེད་བཞིན་པ།

དེ་ཡང་བོད་ནས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེང་སྐབས་བོད་ནང་གི་རྒྱ་གཞུང་གི་དབྱེ་བའི་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་རྒྱ་ནག་གཞུང་གི་ཁོར་ཡུག་རྟོགས་ཞིབ་ཚོགས་པ་ཟེར་བ་འབྱོར་ཏེ། འདས་པའི་ལོ་མང་ནས་སྔོག་འདོན་བྱེད་བཞིན་པའི་གསེར་དང༌། བྱེ་མ། རྡོ་སོལ་སོགས་ཀྱི་གཏེར་ཁ་མང་པོ་ཞིག་གནས་སྐབས་རིང་སྔོག་མཚམས་བཞག་ནས་སྒོ་རྒྱབ་ཏུ་བཅུག་ཡོད་ཀྱང༌། མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང། ཆབ་ཆ་གྲོང་བརྡལ་གྱི་ཀ་སེར་སྡེ་པའི་ས་ཐོག་ཏུ་འདས་པའི་ལོ་མང་གོང་ནས་བཟུང་རྡོ་ཀ་མ་རུ་པ་སྔོག་འདོན་བྱེད་བཞིན་ཡོད་པ། ཐེངས་འདིར་གོང་རིམ་གྱིས་མངགས་གཏོང་བྱས་པའི་ཁོར་ཡུག་རྟོགས་ཞིབ་ཚོགས་པ་ས་གནས་སུ་འབྱོར་བའི་སྐབས་སུ། ས་གནས་འགོ་འཁྲིད་ཚོས་གསང་བ་བྱས་ཏེ་རྟོགས་ཞིབ་མི་སྣས་ཤེས་ཚོར་བྱེད་མ་བཅུག་པ་མ་ཟད། གསང་བའི་ཐོག་ནས་རྡོ་ཀ་མ་རུ་པ་མུ་མཐུད་དུ་སྔོག་འདོན་བྱེད་བཞིན་པ་ས་གནས་མི་མང་གིས་ཤེས་རྟོགས་བྱུང་བར་བརྟེན། གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་འདྲ་དཔར་རྒྱབ་ཏེ་ས་གནས་རྫོང་སྲིད་གཞུང་ལས་ཁུངས་སུ་ཞུ་གཏུགས་ཀྱི་ཡི་གེ་ཕུལ་ཡོད་འདུག
རྡོ་ཀ་མ་རུ་པ་སྔོག་འདོན་མཚམས་འཇོགས་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བའི་རྐྱེན་པས་དེ་སྔ་ཕྱི་ལོ་ ༢༠༡༤ ལོའི་ནང་དུའང་བོད་མི་འགའ་ཤས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་ངག་ཆོས།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།