Donate

མཚོ་སྔོན་པོའི་མཚོ་ཆུང་ནོར་བུ་གློ་བུར་དུ་དམར་པོར་གྱུར་བ།

ཕྱི་ཟླ་ ༤ བའི་ཚེས་ ༡༢ ཉིན་གྱི་ཉིན་གུང་། མཚོ་སྔོན་པོའི་མཚོ་རྒྱུད་ཀྱི་མཚོ་ཆུང་ནོར་བུ་གློ་བུར་དུ་དམར་པོར་གྱུར་བའི་སྣང་ཚུལ་དེ་ཡུལ་དེའི་མང་ཚོགས་ཀྱིས་མཐོང་ནས་དེ་མུར་སྐད་འཕྲིན་ཐོག་བཀྲམ་པ་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་ཐོབ་ཅིང་། མཚོ་སྔོན་པོ་དམར་པོ་གྱུར་སོང་ཞེས་པའི་གླེང་ཕྱོགས་འདྲ་མིན་མང་པོ་ཡང་རླུང་བཞིན་དུ་དྲ་ཐོག་ཏུ་ཁྱབ།
ངེད་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་གནས་ཚུལ་དེར་མཐོང་ཆེན་བྱས་ཏེ་ལམ་སང་རྟོག་ཞིབ་མི་སྣ་ཡུལ་དངོས་སུ་མངགས་ནས་བརྙན་དང་པར་བླངས་པ་དང་། མཚེའུ་ཡི་རྒྱ་ཁྱོན་ཚད་འཇལ་དང་། ཆུ་དང་བྱེ་འདམ། རྩྭ་ལྡུམ་ལ་སོགས་པར་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་འཚོལ་བསྡུ་བྱས་ཏེ་བརྟག་དཔྱད་ཞིབ་བསྡུར་དང་། སྨྱན་བྱད་ཚན་པའི་གསར་འགོད་ཁག་གདན་དྲངས་ནས་འབྲེལ་ཡོད་ཚན་པའི་ལས་ཀར་རྒྱུས་ལོན་གསལ་བོ་བྱས་ཐོག གནས་ཚུལ་ངོ་མ་ག་འདྲ་ཡིན་པ་ཇི་བཞིན་དྲང་བོར་བརྗོད་དེ་བཞེད་ཚུལ་འདྲ་མིན་མཆེད་བཞིན་པར་ཡོ་བསྲང་གནང་།

མཚེའུ་འདི་ནི་བྱེ་མ་ལ་བདུན་གྱི་འགྲམ་དུ་ཆགས་ཤིང་། གཞི་ཁྱོན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་གཅིག་ལས་མེད། མཚོ་སྔོན་པོའི་མཚོ་ཆེན་དང་གྱེས་པའི་ཆུ་ལག་ཅིག་ཡིན། མཚེའུ་ཡི་མཐའ་འཁོར་འབྲོག་པའི་རྩྭ་ས་དང་འབྲོག་ཁྱིམ་ཆགས་པས་བཟོ་ལས་ཀྱི་འབག་བཙོག་ཐེབས་མི་སྲིད་ལ། སྣོད་བཅུད་གཏོར་བརླག་གི་སྐྱོན་ཡང་འབྱུང་མི་སྲིད། ལྷག་པར་ང་ཚོས་འཚོལ་སྡུད་བྱས་པའི་ཆུའི་མ་དཔེ་དེ་ཧ་ཅང་དྭངས་ཤིང་གསལ་ལ་དྲི་མ་མེད་པས། མཚེའུ་མདོག་དམར་པོར་གྱུར་བ་ནི་རྩྭ་ལྡུམ་དང་འདམ་ལ་འབྱར་བའི་ཚོས་རྒྱུ་དམར་པོའི་སྐྱེ་དངོས་ལས་བསྐྱེད་པའི་ངོས་ཟིན་རྙེད་པས། དུས་དང་པོར་ཀྲུང་གོ་ཚན་རིག་གླིང་ལ་འབྲེལ་བ་བྱས་ནས་མ་དཔེ་དག་ཀྲུང་གོ་ཚན་རིག་གླིང་ཝུའུ་ཧན་ཆུའི་སྐྱེ་དངོས་ཞིབ་འཇུག་ཁང་ལ་བསྐྱལ་པ་ཡིན། ད་སྐབས་དེ་གར་ཚད་འཇལ་ངོས་འཛིན་བྱེད་སྒང་ཡིན་པར་མ་ཟད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་ཆེད་ལས་ལྟ་ཞིབ་ཚད་འཇལ་ལས་ཁུངས་ཀྱིས་ཀྱང་སྐྱེ་དངོས་དེ་རིགས་ལ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་ཡོད།

འདིའི་འཕྲོར་ངེད་ཅུས་ཀྱིས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་དང་འབྲེལ་ཡོད་སྡེ་ཚན། ཚན་རིག་ཞིབ་འཇུག་གླིང་སོགས་ཞིབ་འཇུག་ལས་ཁུངས་དང་ཟུང་སྦྲེལ་བགྱིད་ནས་ལྟ་ཞིབ་ཚད་འཇལ་གྱི་མཇུག་འབྲས་ལ་བརྡར་ཤ་བཅད་རྗེས་མྱུར་དུ་དོགས་གནས་གསལ་དགྲོལ་བྱེད་པར་མ་ཟད། མུ་མཐུད་དུ་ཀྲུང་གོ་ཚན་རིག་གླིང་གི་འབྲེལ་ཡོད་རིག་ཚན་ཞིབ་འཇུག་ཁང་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་རྒྱུན་སྐྱོང་ངེས་ཡིན། འདིར་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་མང་ཚོགས་རྣམས་ལ་རེ་ཞུ་ཞིག་ཡོད་པ་ནི་ཆུ་སྣ་གར་འཁྲིད་ཀྱི་གཏམ་འདྲ་མིན་མི་སྨྲ་བར་དོན་དངོས་བདེན་འཚོལ་དང་ལུགས་མཐུན་ཡིན་མིན་ལ་དཔྱད་པ་ཡག་པོ་བཏང་ནས་སྐད་ཆ་སྨྲ་བར་ཞུ།

ཞེས་སོགས་བཀོད་འདུག་ཀྱང་དེ་སྔོན་ལོ་སྟོང་ཕྲག་གི་རིང་སྔོ་ཐིང་ངེར་གནས་པའི་མཚེའུ་ལྟ་ན་སྡུག་པ་དེ་གློ་བུར་དུ་དམར་པོར་གྱུར་བའི་སྐོར་ལ་བོད་ནང་དུ་འཕྲིན་ཕྲན་སོགས་སྤྱི་ཚོགས་དྲ་བའི་རྒྱུད་ལམ་ཁག་ཏུ་གླེང་སློང་དང་། དོགས་འཆར་སྣ་ཚོགས་ཤུགས་ཆེན་བྱུང་ཡོད་པ་དང་། བོད་ནང་གི་བོད་རིགས་དཔྱད་བརྗོད་པ་མང་པོས་དགོས་ཚུལ་ཡང་མང་དུ་སྤེལ་གནང་འདུག་པ་ལས་དཔེ་མཚོན་དྲངས་ན། དྲ་མིང་ལ་ཁམས་པ་བཅུད་ལེན་ཞུ་བ། ཁོང་གིས། “ཆུ་ཞབས་ནས་གཏེར་ཁ་འདྲ་འདོན་བཞིན་པ་སོགས་ཀྱི་གནས་ཚུལ་མིན་ནམ། དེ་མིན་པར་རང་གར་འདི་འདྲར་གྱུར་བ་ཡིན་ན་ནི་ཡག་རྟགས་ཤིག་ཏུ་ངོས་འཛིན་ཐབས་ཅི་ཡོད།” ཞེས་དང་། ཡང་དྲ་མིང་ལ་རྫ་སྐྱེས་ཁུག་རྟ། ཞུ་བ་ཁོང་གིས།“མཚོ་སྔོན་པོ་དམར་པོར་གྱུར་བའི་རྒྱུ་རྐྱེན་དེ་རྩྭ་ལྡུམ་སོགས་ཀྱི་རྩི་རེད་ཟེར་ན་མགོ་སྐོར་ཁོ་ན་རེད། མཚོ་དེ་གསར་དུ་འཁྱིལ་ཡོང་བ་ཞིག་དང་རྩྭ་དེ་གསར་དུ་སྐྱེས་འོང་སཔ་ཞིག་མ་ཡིན་པར་གནའ་སྔ་མོ་ནས་ད་བར་མི་རབ་དང་མི་རབས་བརྒྱུད་ནས་ཡོད་པ་ཞིག་རེད་ལ། ལོ་ཟླ་དེ་འདྲ་མང་པོ་ཞིག་གི་ཁྲོད་ནས་དེ་འདྲའི་ལོ་རྒྱུས་བྱུང་མ་ཡོང་བ་ཞིག་རེད། འདི་ཕལ་ཆེར་གཏེར་རྫས་སྔོག་འདོན་བྱས་པའི་སྐྱོན་ནམ་འཁོར་ཡུག་གཏོར་བརླགས་བྱས་པའི་རྐྱེན་གྱིས་འབྱུང་བ་འཁྲུགས་པ་མིན་ནམ་སྙམས། ཡང་ན་མཚོ་འོག་སོགས་སུ་གཏེར་རྫས་སྔོག་འདོན་བྱེད་ཀྱིན་མེད་པའི་ངེས་པ་མེད། འོན་ཀྱང་དོན་རྐྱེན་ངོ་མ་དེ་ང་ཚོ་འདྲ་བས་གོ་དཀའ་རྒྱུ་རེད། གང་ལྟར་ལྟས་ངན་རེ་མིན་ན་ཅི་མ་རུང་། ཞེས་དང་ཡང་ཁ་ཤས་ཀྱིས། “ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་འཇུག་འབྲས་ཁོ་ན་རེད། མ་འོངས་པར་ང་ཚོའི་ཁོར་ཡུག་འདི་ཇི་འདྲ་ཞིག་ཏུ་གྱུར་འགྲོ་བ་སུས་ཤེས། ད་ནི་ཅི་དྲག” ཞེས་སོགས་མཆན་བཀོད་གནས་འདུག དེ་བཞིན་གོང་དུ་གཞུང་ཕྱོགས་ནས་བརྟག་དཔྱད་བྱས་ཏེ་མཚོ་ཆུར་སྐྱོན་མི་འདུག་ཟེར་བ་སོགས་ལ་ནི་གནས་སྐབས་ཀྱི་ཁ་གཡོར་ས་ཙམ་ལས་དོན་ཕན་ལྡན་པའི་དཔྱད་ཞིག་གཅིག་ནི་ད་དུང་ཡང་བྱས་མི་འདུག་ལ། མཚོ་ཆུང་དམར་པོར་གྱུར་བའི་རྒྱུ་རྐྱེན་ངོ་མ་མ་ཤེས་པའམ་ཤེས་ཀྱང་མི་མང་ལ་གསང་བ་བྱེད་བའི་དོགས་པ་ནི་སུ་ལའང་ཡོང་ཆོག་པའི་གསན་སྟངས་ཤིག་ཡིན་པ་གསལ་པོར་མཐོང་གི་འདུག