Donate

མི་རྣམ་རང་བྱུང་ཁམས་དང་འབྲེལ་མཐུད་བྱེད་པ།

ཨང་དང་པོ། ངག་དབང་དོན་གྲུབ། ཨིན་ཇི། སྔོན་འགྲོའི་འཛིན་གྲྭ།

བཟོ་ལས་ཐོན་སྐྱེད་ཀྱིས་ཕྱུག་པའི་དུས་རབས་གསར་པ་འདི་ལ་འཛམ་གླིང་གི་ས་གནས་མང་པོས་བཟོ་གྲྭའི་དུད་ཞགས་ཀྱི་དྲི་ངན་དག་ཀྱང་བདེ་སྐྱིད་དང་ཡར་ཐོན་གྱི་དྲི་བསུང་དུ་ངོས་འཛིན་བྱེད་པའི་སྐབས་འདིར། སྐྱེ་འགྲོའི་ཚེ་སྲོག་དང་འབྲེལ་བའི་རང་བྱུང་ཁམས་འདིར་གཅེས་སྲུང་བྱེད་དགོས་པ་ནི་གོ་ལའི་ཐོག་ཏུ་གནས་པའི་འགྲོ་བ་རྣམས་ཀྱི་རང་བཞིན་གྱི་འགན་འཁྲི་ཞིག་ཆགས་ཡོད། དེར་བརྟེན། ཕྱི་ལོ་ ༡༩༧༠ ལོར་ཨ་རི་སོགས་སྔོན་ཐོན་རྒྱལ་ཁབ་ཁག་གིས་གོ་ལའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཤིང་། དེ་ནས་བཟུང་ལོ་ལྟར་ཉིན་མོ་འདི་ནི་ཡུམ་ཆེན་རང་བྱུང་ཁམས་ཀྱི་བཀའ་དྲིན་ལ་བསམ་ཤེས་དང་། མཛེས་སྡུག་ཕུན་སུམ་ཚོགས་པའི་རང་བྱུང་ཁམས་ལ་བདག་སྐྱོང་བྱེད་དགོས་པའི་ཆོད་སེམས་བརྟན་ཏུ་གཏོང་བའི་དུས་བཟང་ཞིག་ཡིན་ལ། ལས་དོན་འདི་རིགས་ནི་སྐྱེ་བོ་ཀུན་གྱིས་བསྒྲུབ་འོས་པའི་བྱ་བཟང་ཞིག་ཀྱང་ཡིན།

ད་ལྟའི་དུས་སྐབས་སུ་མི་རྣམས་རང་བྱུང་ཁམས་ལ་ལུས་དང་སྲོག་བཞིན་གཅིག་ལ་གཅིག་བརྟེན་དུ་ཕན་ཚུན་འབྲེལ་བ་ཡོད་པའི་གལ་པོ་ཆེ་ཞིག་ལ་ངོས་བཟུང་བའི་ཐོག་ནས་སོ་སོའི་ལུས་སྲོག་ལ་གཅེས་སྲུང་བྱེད་པ་ནང་བཞིན་ཁོར་ཡུག་ལའང་གཅེས་སྤྲས་བྱེད་མ་ཐུབ་ན། མ་འོངས་པའི་མི་ཐོག་དེ་ཚོའི་མིག་ལམ་དུ་མྱ་ངམ་ཐང་ལྟ་བུའི་ཁོར་ཡུག་གཅིག་གིས་ཁོང་ཚོའི་ལུས་སེམས་གཉིས་ཀ་སྡུག་ལ་སྦྱར་རྒྱུ་ཡིན་པ་ནི་སྨོས་མེད་རེད། དེར་བརྟེན། སའི་གོ་ལའི་སྟེང་གི་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ། རང་བྱུང་ཁམས་ཀྱི་ཆགས་འཇིག་གི་གནས་སྟངས་ལ་ཐུགས་བསམ་གང་ལེགས་བཞེས་ཏེ་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བཞིན་སྲུང་སྐྱོབ་བྱེད་དགོས། འོ་ན་རང་བྱུང་ཁམས་དང་མི་རྣམས་ཇི་ལྟར་བྱས་ནས་འབྲེལ་མཐུད་བྱེད་དགོས་སམ་ཞེ་ན། ཇི་སྐད་དུ། “ང་རང་ཚོའི་རང་གི་ལུས་པོ་འདི་རྩ་ཆེན་པོ་ཞིག་བརྩིས་ཏེ་སྨན་བཅོས་འཕྲོད་སྟེན་སོགས་གང་ཡོང་བྱེད་ཀྱི་ཡོད་རེད། དེ་བཞིན་རང་ཉིད་འཚོ་སྡོད་བྱ་ཡུལ་སྣོན་ཀྱི་བཀོད་པ་ཀུན་ལ་གཅེས་སྤྲས་བྱེད་དགོས་པ་འདི་ཆོས་ཉིད་ཅིག་རེད། མི་རྣམས་སྲོག་འཚོ་བར་སྣོད་ལ་བརྟེན་དགོས་ཀྱི་ཡོད་པ་རེད་མ་གཏོགས། སྣོད་ལ་མ་བརྟེན་པར་བཅུད་འཚོ་སྡོད་བྱ་ཐབས་མེད་སྟབས། སྣོད་ལ་གཅེས་སྤྲས་བྱེད་དགོས་པ་རྒྱུ་མཚན་ལྡན་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ངས་ཀྱང་སྣོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱིན་ཡོད།” ཅེས་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་སེམས་ལ་ངེས་པའི་ཐོག་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་ཡིན།

            གཞན་ཡང་རང་བྱུང་ཁམས་གལ་ཆེ་བའི་སྐོར་ལ་<<མཛོད་>> ལས་ཀྱང་། “ས་ཡིས་འཛིན་བྱེད་ཆུ་ཡིས་རླན་པར་བྱེད།། མེ་ཡིས་སྨིན་ཞིང་རླུང་གིས་རྒྱས་པར་བྱེད།།” ཅེས་སོགས་ཡོན་ཏན་དང་ལྡན་པར་བཤད་ཅིང་། གལ་སྲིད་དེ་དག་ལ་གཏོར་སྐྱོན་བཏང་ན་འཛམ་བུ་གླིང་འདི་གནས་ཐབས་བྲལ། དེར་བརྟེན་རང་བྱུང་ཁམས་གཙང་མར་གནས་པའི་དགེ་མཚན་སྐོར་ལ་༧གོང་ས་མཆོག་གིས། “ཁོར་ཡུག་གཙང་མར་གནས་པའི་དགེ་མཚན་ནི། དཔེར་ན། ལྗོངས་ཤིང་བཟང་པོས་རླུང་ཁམས་གཙང་བར་བྱེད་ཅིང་། དེས་སྐྱེ་བོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་ཀྱིས་འབྱུང་ཁམས་ཆ་སྙོམ་དང་ཚེ་སྲིང་བར་བྱེད་པ། གྲིབ་བསིལ་སྣུམ་པོ་ངལ་གསོ་བའི་གནས་སུ་གྱུར་ཅིང་། ཆར་ཆུ་དུས་སུ་འབེབ་པ། ལོ་ཕྱུགས་ལེགས་པ། ཚ་གྲང་སྙོམ་པ། ཡུལ་ཁམས་ཀྱང་ལྟ་ན་སྡུག་པ་ཕྱིའི་ལྗོངས་རྒྱུ་བ་དག་རྒྱུན་མི་ཆད་པར་ཡོང་ནས་ཤེས་རིག་དང་། དཔལ་འབྱོར་གྱི་འདུ་འགོད་སོགས་རང་བཞིན་གྱིས་འཕེལ་བར་བྱེད་ལ། ཡང་ཁོར་ཡུག་སྦག་བཙོག་གི་ཉེན་པ་ནི་མཚོ་དང་མཚེའུ་ཡི་དྭངས་བསིལ་གྱི་ཡོན་ཏན་ཉམས་ཤིང་། དེ་དག་ལ་གནས་པའི་སྲོག་ཆགས་ལ་བར་དུ་གཅོད་པ། རྩི་ཤིང་ནགས་ཚལ་སྟོངས་པས་ས་ཡི་བཅུད་ཉམས་ཤིང་། ཆར་ཆུ་དུས་སུ་མི་འབབ། སྔོན་མེད་ཀྱི་རླུང་འཚུབ་དྲག་པོ་ལྡང་བ་སོགས་ཀྱི་འགལ་རྐྱེན་མཐའ་ཡས་སོ།།” ཞེས་བཀའ་སློབ་བསྩལ་ལ་ལྟར་དགེ་སྐྱོན་དེ་དག་ལ་གཟིགས་ཏེ་མི་རྣམས་ཀྱིས་རང་གི་འཚོ་གནས་སམ་ཁྱིམ་གཞི་རུ་གྱུར་པའི་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་སོ།། །།