Donate

འདམ་གཞུང་དུ་སྔར་བྱུང་མ་མྱོང་བའི་རླུང་འཚུབ་དྲག་པོ་ལྡང་བ།

བོད་ནང་ “ཀྲུང་གོ་གནམ་གཤིས་ཚགས་པར་”ཞེས་པར་བཀོད་པ་ལྟར་ན།  ཟླ་ ༧ ཚེས་ ༡ ཉིན།  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་ཁོངས་སུ་ལོ་རྒྱུས་སྟེང་གཡུགས་མ་མྱོང་བའི་སྐམ་སའི་རླུང་འཚུབ་ཆེན་པོ་ཞིག་གཡུགས་ཏེ་ཡུལ་མི་རྣམས་ལ་འཇིགས་སྐྲག་ཆེན་པོ་བྱུང་ཡོད་པ་རེད་འདུག

འདམ་གཞུང་གནམ་གཤིས་ལས་ཁུངས་ཀྱི་འགན་འཛིན་ཉི་མས་གསུང་བ་ལྟར་ན།  ཚེས་ ༡ གི་ཕྱི་དྲོ་དུས་ཚོད་ ༥ དང་སྐར་མ་ ༤༠ ཡས་མས་སུ།  འདམ་གཞུང་མཁའ་དབྱིངས་སུ་གཏད་རྒྱུག་གནམ་གཤིས་དྲག་པོས་རླུང་ནག་འཚུབ་ནས་གནམ་ངོ་རུབ།   དུས་ཚོད་ ༦ གི་ཡས་མས་སུ་མཁའ་དབྱིངས་ནས་ཀ་བ་བཞིན་གྱི་རླུང་འཚུབ་ཅིག་གཡུགས་པ་དང་མཉམ་དུ་དྲག་ཆར་བབས་བྱུང་བས་རྣམ་པ་རྔམ་ཞིང་བརྗིད་ཅེས་དང་།
བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རིན་ཏུའུ་ཅུན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིའི་འདམ་གཞུང་ཁོངས་སུ་རླུང་འཚུབ་གཡུག་པ་ནི་སྐམ་སའི་རླུང་འཚུབ་ཏུ་གཏོགས་པ་དང་། དེ་ནི་གཏད་རྒྱུག་གནམ་གཤིས་དྲག་པོ་ལས་བྱུང་བའི་རླུང་ཤུགས་ཆེ་བའི་རླུང་འཚུབ་ཅིག་ཡིན། དེ་ནི་བོད་ལྗོངས་ཀྱི་གནམ་གཤིས་བརྟག་ཞིབ་ཟིན་ཐོ་བྱུང་བ་ནས་ད་ལྟའི་བར་ཐེངས་དང་པོ་དང་། ༢༠༠༧  ལོའི་ཟླ་ ༥ བའི་ཚེས་ ༢༦ཉིན། ནག་ཆུ་དང་འདམ་གཞུང་བར་མཚམས་སུ་ཡང་རླུང་འཚུབ་ཅིག་བྱུང་མྱོང་ལ།  དེ་ནི་རྡུལ་འཚུབ་ཏུ་གཏོགས། ཉེ་བའི་ལོ་འགའི་རིང་། ལྷ་ས་རུ་བསྟུན་མར་རླུང་འཚུབ་འབྱུང་བཞིན་པ་ནི་གནམ་གཤིས་གཏད་རྒྱུག་གི་རྐྱེན་ཡིན་སྐོར་བརྗོད་འདུག

ཉི་མས་གསུང་བ་ལྟར་ན།  ལྷ་ས་འདམ་གཞུང་མཁའ་དབྱིངས་སུ་རླུང་འཚུབ་གཡུག་པ་ནི་དུས་ཡུན་ཐུང་ཞིང་།  ཆར་འབབ་ཚད་ ༦‚༠ ཧའོ་སྨིས་མ་གཏོགས་མེད་པས་ས་དེའི་འགྲིམ་འགྲུལ་དང་། མི་མང་།  རྒྱུ་ནོར་སོགས་ཀྱི་བདེ་འཇགས་ལ་གནོད་པ་བཟོས་མེད་ཚུལ་ཡང་བཤད་འདུག