Donate

འཛམ་གླིང་གི་གཏེར་ཁ་ཨང་གཉིས་པ་བོད་ཡུལ་ནས་རྒྱ་ཡུལ་དུ་ཁུར་བ།

བདག་གི་ཕ་ཡུལ་ཁམས་ལྷ་ཐོག་ལུང་པའི་གཡུ་ལུང་ཟངས་གཏེར་ནི། གོ་ཚོད་ལྟར་ན་འཛམ་གླིང་གཏེར་ཁ་ཨང་གཉིས་པ་ཡིན་སྐད་ཐོས། གཏེར་ཁ་གཙོ་བོ་ཡོངས་གྲགས་ལྟར་ཟངས་གཏེར་རེད་ལ། ད་དུང་གསེར་དང་། གཡུ། ཞ་ཉེ། རྡོ་སོལ། ལྕགས་སོགས་ཕུན་སུམ་ཚོགས་པའི་གཏེར་ཁ་ཡོད་པར་བཤད། དེ་རིང་ཁོ་བོས་དྲ་ལམ་བརྒྱུད་ནས་ས་བཀྲ་འཚོལ་བཤེར་བྱས་པ་ལྟར་ན། གཡུ་ལུང་གི་རི་བོ་ཕལ་ཆེར་གཏུབ་ནས་རྒྱ་ཡུལ་དུ་ཁུར་ཚར་ཡོད་པ་ཤེས་རྟོགས་བྱུང་ལ། ས་འདིར་ཆགས་པའི་ཡུལ་སྡེ་རྣམས་ཀྱི་གཞི་བདག་དང་ཟོ་དོར་ཡིན་པའི་སྒྲོལ་མ་སྤུན་གསུམ་སོགས་བླ་རི་རྩ་ཆེན་རྣམས་ཀྱང་ཁུར་ཚར་ཡོད་པ་མཐོང་བྱུང་། གཡུ་ལུང་གི་ཕུ་མདའ་ཡོངས་ལ་རླངས་འཁོར་ལམ་ཆེན་ནི་ས་ལ་བྲིས་པའི་མིག་མང་གི་རི་མོ་ནང་བཞིན་ཆེས་བློ་ཡུལ་ལས་འདས་པ་དེ་དག །ས་འདིར་འདང་བརྩེ་དང་ཞེན་ཆགས་ཆེ་བའི་ཡུལ་མི་ཉམ་ཆུང་ཚོའི་ལག་ནས་ཇི་ལྟར་བྱས་ནས་འཕྲོག་ཡོད་ཚུལ་དངོས་སུ་མཐོང་ཐུབ་པའི་དན་རྟགས་གསོན་པོ་དེ་ཡིན།ད་དུང་གཡུ་ལུང་གི་ལ་རྒྱབ་ལ་ཆགས་པའི་རྡོག་ནོར་མའི་ས་ཆ་ཕལ་ཆེར་ལོ་འདིར་བཙན་འཕྲོག་བྱས་ཏེ། རྗེས་སོར་ཡུལ་མི་ཚོས་ས་འདིར་དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་ལ། རྟ་ནོར་སྒོ་ཟོག་སོགས་འབྲོག་པའི་འཚོ་བ་དོར་ནས་གཞུང་ལམ་རྒྱུད་དུ་ཁང་པ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད། ས་རིན་གྱི་དོད་ཙམ་ལབ་དགོས་ནའང་འདྲ། གུན་གསབ་ཡིན་སྐད་ཀྱི་སྒོར་མོ་ཅུང་ཙམ་རེ་ཡུལ་མི་ཚོའི་ལག་ལ་བཞག་ཡོད་མོད། མི་རབས་ནས་མི་རབས་ས་འདི་བདག་གིར་བྱས་པའི་ལྷ་ཐོག་སྡེ་པའི་ཡུལ་མི་ཚོ་ཕྱིར་ཕུད་དེ། འཛམ་གླིང་ནས་གཏེར་ཁ་གཉིས་པར་གྲགས་པའི་རིན་པོ་ཆེ་ཡོད་ཚད་རྒྱ་ཡུལ་དུ་འཁྱེར་འགྲོ་བ་ནི་ཇི་འདྲའི་ཕངས་པོ་ཞིག་རེད་ཨང་།

གཏེར་ཁ་སྔོག་མཁན་ཡིན་སྐད་གྱི་རྒྱ་མི་དུ་མ་ལུང་པ་འདིར་ཡོང་སྟེ། ཏག་སེ་རྩེ་ས་དང་མཱ་ཅང་རྒྱག་ས་སོགས་རྒྱལ་སྐུགས་འཇོག་སའི་ཤོ་སྦག་ཁང་ཕོན་ཆེན་བརྒྱབ་ནས། ས་རིན་གྱི་ཚུལ་དུ་ཡུལ་འདིའི་ན་གཞོན་ཚོའི་ལག་ཏུ་ཡོད་པའི་སྒོར་མོ་ས་ཡ་དང་བྱེ་བ་མང་པོ་རྒྱ་ཡུལ་དུ་འཁྱེར་འགྲོ་བ་དང་། གཏེར་ཁ་སྔོག་མཁན་ཚོ་མཉམ་དུ་རྒྱ་མོ་གཞང་ཚོང་མ་ཡོང་ནས་ནད་ངན་ཁྱབ་བརྡལ་གཏོང་བ་སོགས་ཡུལ་མི་ལ་ཧ་ཅང་སུན་གཙེར་དང་དཀའ་ངལ་སྤྲོད་བཞིན་ཡོད།

“ སྲམ་ཉ་ལ་འཇབ་ཚེ། འུག་པས་བཤང་ལམ་ཤབས། „ཟེར་བ་ལྟར། བོད་པ་ཚོ་ནང་ཁུལ་ལ་ཆོལ་ཁ་དང་ཆོས་ལུག་འཐབ་རྩོད་མ་ཚར་བསྡད་པའི་སྐབས་སུ་རྒྱ་མིས་བོད་གངས་ཅན་ལྗོངས་ཀྱི་རིན་པོ་ཆེའི་གཏེར་ཁ་ཡོད་ཚད་སྔོག་འདོན་བགྱིས་ནས་རྒྱ་ཡུལ་ལ་ཁུར་འགྲོ་བཞིན་འདུག་ལ། ས་བཅུད་དང་ཐོན་ཁུངས་མེད་པའི་ས་ཆ་ནི་རྟ་མེད་པའི་ཤིང་སྒ་ནང་བཞིན་རེད།

༢༠༡༨/༡/༨ སྙིང་མིག