Donate

རི་བོ་ཆེ་རྫོང་ཁོངས་སུ་བོད་མིར་ས་ཁང་གི་དཀའ་ངལ་ཡོད་པ།

ཆབ་མདོའི་རི་བོ་ཆེ་རྫོང་གི་ས་གནས་དཔོན་རིགས་ཚོས་ས་གནས་བོད་མིའི་ས་ཆ་ཁག་ལ་རིན་གོང་དམའ་པོ་སྤྲད་ནས་གཞུང་བཞེས་གཏོང་བཞིན་པ་དང་། དེ་ཁང་པ་གསར་རྒྱག་སོགས་བྱེད་མཁན་རྒྱ་རིགས་ཚོར་བཙོང་བཞིན་པར་མི་འདོད་རྣམ་འགྱུར་སྟོན་མཁན་བོད་མི་ཚོ་བཙོན་འཇུག་བྱ་རྒྱུའི་ཉེན་བརྡ་སོགས་གཏོང་གི་ཡོད་འདུགChamdo
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་མཚན་འདོན་གནང་འདོད་མེད་པའི་རི་བོ་ཆེ་རྫོང་ཁོངས་ས་གནས་བོད་མི་ཞིག་གིས་བརྗོད་པ་ལྟར་ན། ཆབ་མདོའི་རི་བོ་ཆེ་རྫོང་གི་དཔོན་རིགས་ཚོས་ས་གནས་བོད་མིའི་ས་ཆ་ཡོངས་རྫོགས་ས་གནས་སྲིད་གཞུང་དང་། རྒྱ་ནག་དམར་ཤོག་ཚོགས་པར་བདག་དབང་ཡོད་ཚུལ་སྙད་འདོགས་བྱས་ཏེ། བོད་མིར་བདག་པའི་ས་ཆ་མི་ཀྲར་གྲུ་བཞི་མ་གཅིག་ལ་གུན་གསབ་རྒྱ་སྒོར་༢༥་ལས་སྤྲོད་ཀྱི་མེད་པ་དང་། བོད་མི་སུ་ཞིག་ཡིན་རུང་རང་གི་ས་ཆ་ཚོང་རྒྱུའི་གན་རྒྱའི་ཡིག་ཆར་ས་རྟགས་མ་རྒྱབ་ཚེ་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་གཏོང་གི་ཡོད་ཚུལ་དང་། དེང་སང་གི་ཁྲོམ་རའི་ནང་ས་གནས་བོད་མི་ཚོའི་ས་ཆ་གཞུང་བཤེར་བཏང་བ་དེ་དག་ལས་མི་ཀྲར་གྲུ་བཞི་མ་གཅིག་ལ་རྒྱ་སྒོར་༡༥༠༠་ནས་༢༠༠༠་ལས་སླ་པོའི་ཐོག་རག་གི་ཡོད་ལུགས་ཀྱང་གསུངས་འདུག
ད་དུང་ས་གནས་རྫོང་གི་དཔོན་རིགས་ཚོས་བོད་མིའི་ས་ནས་རིན་གོང་དམའ་པོ་སྤྲད་ནས་གཞུང་བཤེར་བཏང་བའི་ས་ཆ་དེ་དག་ཁང་པ་གསར་རྒྱག་བྱེད་མཁན་རྒྱ་མི་རིགས་ཚོར་བཙོང་ནས་ཁེ་བཟང་ཆེན་པོ་བཟའ་ཡི་ཡོད་པ་དང་། བོད་མིའི་ས་ཆའི་སྟེང་གསར་རྒྱག་བྱས་པའི་ཁང་པ་ཐོག་རྩེག་མང་ལ་ཁང་མིག་མང་པོ་ཡོད་པ་དེ་དག་བོད་མི་ཚོར་བཙོང་ནས་ཁེ་བཟང་དེ་ལས་མང་བ་བཟའ་ཡི་ཡོད་སྐོར་ཡང་གསུངས་འདུག
རི་བོ་ཆེ་རྫོང་ནང་དང་མཚུངས་པར་བོད་ཀྱི་ས་གནས་གང་སར་གནས་ཚུལ་འདིའི་རིགས་ཡོད་པ་དང་། ས་གནས་བོད་མི་ཚོས་དེར་ངོ་རྒོལ་བྱས་ཚེ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་མ་ཟད། ཐ་ན་དྲག་གནོན་དང་བཙོན་འཇུག་སོགས་བྱས་ཏེ་རྒྱ་གཞུང་གི་འདོད་པ་སྐོང་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་ངོ་སྤྲོད་བྱས་ཡོད།
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་འདི་འདྲི་རྩད་ཆེད་རི་བོ་ཆེ་རྫོང་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ལ་ཁ་པར་བཏང་སྐབས་ཁ་པར་ལེན་མཁན་བྱུང་མ་སོང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལས་དྲངས།

ཐེངས་ 421 བཀླགས་འདུག