Donate

༢༠༡༤ལོའི་འཛམ་གླིང་ཆུའི་ཉིན་མོ་ཉི་ཧོང་དུ་སྲུང་བརྩི་བྱས་པ།

༢༠༡༤ལོའི་འཛམ་གླིང་ཆུའི་ཉིན་མོ་ཉི་ཧོང་དུ་སྲུང་བརྩི་བྱས་པ།
འཛམ་གླིང་ཆུའི་ཉིན་མོ་ World Water Day (WWD) ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ ༡༩༩༣ ལོའི་ཟླ་ ༣ པའི་ཚེས་ ༢༢ ཉིན་གཏན་འབེབས་བྱས་པ་ཞིག་དང་། འཛམ་གླིང་གི་མི་རྣམས་ཀྱིས་ཆུ་གལ་ཆེན་པོ་ཡིན་པ་དང་། ཆུའི་ཐོན་ཁུངས་ཁག་ལ་སྲུང་སྐྱོབ་དང་དོ་སྣང་ཡོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༣ པའི་ཚེས་ ༢༢ ཉིན་༼འཛམ་གླིང་ཆུའི་ཉིན་མོ་༽སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། 
འདི་ལོར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ United Nations University(UNU) དང་། United Nations Industrial Development Organization (UNIDO) རྒྱལ་སྤྱིའི་བཟོ་ལས་ཡར་རྒྱས་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་ཞུས་ནས། ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་ཆུའི་ཉིན་མོ་དེ་བཞིན་ཉི་ཧོང་གི་རྒྱལ་ས་ཊོ་ཡོབ་ཏུ་སྲུང་བརྩི་བྱས་པ་དང་། འདིར་ལོར་ཆུ་དང་ནུས་ཤུགས་ (Water and Energy) ཞེས་བརྗོད་ཚིག་གཏན་འབེབས་བྱས།
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ནི་རེས་གཟའ་སྤེན་པ་འཁེལ་ཡོད་སྟབས། ཉིན་གཅིག་སྔར་བསྣུར་གྱིས་ཕྱི་ཚེས་ ༢༡ ཉིན་སྟེ་རེས་གཟའ་པ་སངས་ཉིན་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་བྱས་པ་དང་། ཉིན་དེར་འཛམ་གླིང་གི་རྒྱལ་ཁབ་བཅུ་གྲངས་ཤིག་གི་ནང་ཆུའི་ཉིན་མོ་སྲུང་བརྩི་བྱས་འདུག
འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཆུ་སྲུང་སྐྱོབ་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། འཛམ་གླིང་ཐོག་ཁྱོན་མི་གྲངས་ས་ཡ་ ༧༨༠ ལ་ཆུའི་བདེ་འཇགས་མེད་པ་དང་། ཚོད་དཔག་བྱས་ན་ཁྱོན་མི་གྲངས་ཐེར་འབུམ་ ༣།༥ ལ་ཆུའི་ཐོབ་ཐང་ཇི་བཞིན་མ་རག་པ། ཁྱོན་མི་གྲངས་ཐེར་འབུམ་ ༢།༥ ལ་ཆུའི་འཕྲོད་བསྟེན་མེད་ལུགས་བཅས་བཀོད་འདུག་པ་མ་ཚད། བསྒྲགས་གཏམ་དེའི་ནང་ཕྱི་ལོ་ ༡༩༨༠ ནས་བཟུང་ལོ་ལྟར་ཆུ་གཙང་མ་ཉུང་དུ་འགྲོ་བའི་འཕར་ཚད་བརྒྱ་ཆ་༡ཟིན་གྱི་ཡོད་པ་དང་། དེང་སང་བཟོ་བསྐྲུན་དང་། ཞིང་ལས། ཁྱིམ་སྤྱོད་བཅས་རྒྱ་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༥༠ ལོར་ཆུ་བེད་སྤྱོད་དང་མཁོ་འདོད་བྱེད་ཚད་བརྒྱ་ཆ་ ༤༠ འཕར་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག
ཆུ་དཀའ་ངལ་ཆེ་བའི་ས་ཁུལ་ཁག་ཅིག་ལ། ལོ་གཉིས་རེའི་མཚམས་སུ་ས་འོག་ཆུའི་གོང་ཚད་བརྒྱ་ཆ་ ༡ ནས་ ༢ བར་འཕར་བཞིན་ཡོད་པ་དང་། མ་ཚད་ཉེ་བའི་ཆར་ས་འོག་ཆུའི་ཐོན་བསྐྱེད་ཐུབ་ཚད་བརྒྱ་ཆ་ ༢༠ མར་ཟགས་ཡོད་འདུག
ཧ་ལམ་འཛམ་གླིང་ཁྱོན་དུ་ཆུ་བེད་སྤྱོད་བྱས་པའི་བརྒྱ་ཆ་ ༨༠ ནང་ཡར་ཐོན་གྱི་རྒྱལ་ཁབ་ཁག་གིས་ཆུ་བེད་སྤྱོད་བྱེད་ཚད་བརྒྱ་ཆ་ ༩༠ ཟིན་གྱི་ཡོད་ཀྱང་། ཆུ་གཙང་བདག་ཉར་མེད་པའི་རྐྱེན་གྱིས་འགྲོ་བ་མི་དང་ཁོར་ཡུག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་ལུགས་ཅེས་བཀོད་འདུག
༡༩༩༧ ལོ་ནས་ལོ་གསུམ་རེའི་མཚམས་སུ་འཛམ་གླིང་ཆུའི་ཚོགས་འདུ་ world Water Council (WWC) ཞེས་ཚོགས་འདུ་ཐེངས་རེ་ཚོགས་སྲོལ་ཡོད་ཅིང་། སྐབས་དེར་འཛམ་གླིང་ཆུའི་སྒྲིག་ཁྲིམས་གཞིར་བཟུང་འཐུང་ཆུ་དཀའ་ངལ་ཐད་ཞུ་གཏུགས་སོགས་བྱེད་ཀྱི་ཡོད་པ་རེད།
གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ཚོད་དཔག་བྱས་པའི་སྙན་ཐོ་ནང་། ཧ་ལམ་ཕྱི་ལོ་ ༢༠༢༥ ལོར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ ༢༥ ཙམ་ལ་ཆུ་མི་འདང་བ་དང་ཆུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ལུགས་བརྗོད་འདུག
ཆུའི་ཉེན་སྲུང་དང་ཆུའི་གལ་གནད་ཅེས་པའི་རྩོམ་ཡིག་ཅིག་གི་ནང་། བདེ་འཇགས་དང་དྭངས་གཙང་གི་འཐུང་ཆུ་ནི་དེ་འདྲའི་དཀོན་པོ་ཞིག་རེད། དེང་སང་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་ནང་ཧ་ལམ་མི་གྲངས་ཐེར་འབུམ་ ༡ ཙམ་གྱིས་དེ་འདྲའི་འཐུང་ཆུ་ལོངས་སུ་སྤྱོད་ཐུབ་ཀྱི་མེད།
འཐུང་ཆུ་འགྱིག་དམ་ཆུང་ཆུང་ཞིག་ལའང་དེ་འདྲའི་རིན་གོང་མཐོ་པོ་སྤྲོད་དགོས་ཀྱང་། ད་དུང་ང་ཚོས་དྭངས་གཙང་གི་ཆུ་བག་མེད་ལོངས་སྤྱོད་བྱེད་བཞིན་ཡོད། ཅེས་གསུངས་འདུག
ལོ་རེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆུའི་གལ་གནད་དང་ཆུ་དང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དགོས་པའི་འབོད་སྒྲ་རེ་གཏན་འབེབས་བྱེད་སྲོལ་ཡོད་པ། དཔེར་ན་འདི་ལོ་ ༢༠༡༤ ལོར་༼ཆུ་དང་ནུས་ཤུགས་༽ཞེས་འབོད་སྒྲ་གཏན་འབེབས་བྱས་པ་དང་།
༢༠༡༣ ལོར། མཉམ་འབྲེལ་གྱི་ཆུ།
༢༠༡༢ ཆུ་དང་ཟ་མའི་ཉེན་སྲུང་།
༢༠༡༡ གྲོང་ཁྱེར་གྱི་ཆུ།
༢༠༡༠ འཛམ་གླིང་གི་བདེ་ཐང་ཆེད་ཆུ་གཙང་མ་དགོས།
༢༠༠༩ ཆུའི་འགྱུར་ལྡོག
༢༠༠༨ གཙང་སྦྲ།
༢༠༠༧ ཆུ་དཀོན་པོར་གདོང་ལེན་བྱེད་དགོས།
༢༠༠༦ ཆུ་དང་རིག་གཞུང་།
༢༠༠༥ ༢༠༠༥ནས་༢༠༡༥བར་གྱི་འཚོ་བའི་ཆུ།
༢༠༠༤ ཆུ་དང་གནོད་འཚེ་ཁག
༢༠༠༣ ཆུ་དང་མ་འོངས་པ།
༢༠༠༢ འཕེལ་རྒྱས་ཀྱི་ཆུ།
༢༠༠༡ ཆུ་དང་བདེ་ཐང་།
༢༠༠༠ དུས་རབས་༢༡པའི་ཆུ།
༡༩༩༩ མི་ཚང་མ་ཆུ་རྒྱུག་ཕྱོགས་སུ་གནས་ཡོད།
༡༩༩༨ ས་འོག་གི་ཆུ། མི་མངོན་པའི་ཐོན་ཁུངས།
༡༩༩༧ འཛམ་གླིང་གི་ཆུ་འདང་ངེས་ཡོད་དམ།
༡༩༩༦ ཆུ་དང་། སྐོམ་པས་མནར་བས་གྲོང་ཁྱེར།
༡༩༩༥ བུད་མེད་དང་ཆུ།
༡༩༩༤ ང་ཚོའི་ཆུའི་ཐོན་ཁུངས་ལ་དོ་སྣང་བྱ་རྒྱུ་ནི་མི་ཚང་མར་འགན་འཁུར་ཡོད། ཅེས་སོགས་འབོད་སྒྲ་གཏན་འབེབས་བྱས་ཡོད་པ་རེད།
འཛམ་གླིང་ཆུའི་ཉིན་མོ་དང་ཆུའི་སྐོར་གནས་ཚུལ་མང་པོ་མཁྱེན་འདོད་ཡོད་ཚེ་དྲ་ཚིགས་འདིར་ཕེབས་རོགས།
http://www.unwater.org/

ཐེངས་ 42335 བཀླགས་འདུག