Donate

༢༠༡༥ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་མར་ཆག་སྲིད་པའི་སྔོན་བརྡ་དང་དབྱར་རྩ་དགུན་འབུ་བརྐོ་འཐུ་བྱེད་ཕྱོགས་ཀྱི་བཀའ་རྒྱ་ཞིག

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ཟེར་བས་གནས་ཚུལ་སྤེལ་གསལ་ལྟར་ན། “ཉེ་བའི་ལོ་གཉིས་ཙམ་ནང་ཚུན་དུ་དབྱར་རྩྭ་དགུན་འབུའི་ཁྲོམ་ར་ཞི་འཇམ་པ་དང་རིན་གོང་ཡང་ཅུང་ཟད་ཆག་ཡོད།དབྱར་རྩྭ་དགུན་འབུ། ཁྲོམ་རའི་སྔོན་དཔག་ལ་དམིགས་ནས་ལས་རིགས་ནང་ཁོངས་ཀྱི་མི་སྣས་འདི་ལོ་དབྱར་རྩྭ་དགུན་འབུའི་རིན་གོང་གཞི་རྩའི་ཆར་བརྟན་པོ་ཡོང་བ་དང་ཅུང་ཟད་ཆག་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད།

བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་དྲུང་སྤྱི་ཆེ་མོ་གཞོན་པ་ཀྲའོ་ཅན་བིང་གིས། ན་ནིང་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ལོ་གོང་མ་དང་བསྡུར་ན་ཉུང་དུ་ཤུགས་ཆེན་ཕྱིན་ཡོད་པ་དང་། དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱི“ལོ་ཆེ་ཆུང”གི་ཆོས་ཉིད་ལ་གཞིགས་ན། འདི་ལོ་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ན་ནིང་ལས་དམའ་བ་ཡོང་མི་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད།

དེའི་ཐོག་མིག་སྔར་ཁྲོམ་རའི་ཐོག་སྔར་བཞིན་གསོག་འཇོག་བྱས་པའི་དབྱར་རྩྭ་དགུན་འབུ་ངེས་ཅན་ཡོད་པས་ཁྲོམ་རའི་མཁོ་སྤྲོད་ཐོག་ནས་བལྟས་ན་འདི་ལོ་དབྱར་རྩྭ་དགུན་འབུ་མཁོ་སྤྲོད་བྱེད་ཚད་ཅུང་འདང་ངེས་ཡོད།

འོན་ཀྱང་དགོས་མཁོའི་ཚད་གཞི་འཕར་སྣོན་མངོན་གསལ་དོད་པོ་མི་མངོན་ཞིང་། མང་ཆེ་བ་ནི་རང་སྤྱོད་རྣམ་པའི་འཛད་སྤྱོད་ཡིན་པས་སྔོན་དཔག་བྱས་ན་འཛད་སྤྱོད་ཀྱི་དགོས་མཁོ་ན་ནིང་ལས་བརྒལ་མི་སྲིད་པ་དང་། མཁོ་སྤྲོད་དང་དགོས་མཁོའི་དབར་གྱི་འབྲེལ་བ་འདི་རིགས་ཀྱིས་འདི་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་སྤྱིའི་ཆར་བརྟན་པོ་དང་བརྟན་པོའི་ཁྲོད་ཆག་རྒྱུ་རེད་ཅེས་གསལ་སྟོན་བྱས།

ཡང་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༣ ཉིན་མཚོ་སྔོན་ཞིང་ཆེན་མི་མང་སྲིད་གཞུང་ཟེར་བའི་དྲ་ཚིགས་ཐོག འབྲི་སྟོད་རྫོང་མི་དམངས་སྲིད་གཞུང་ནས་དབྱར་རྩྭ་དགུན་འབུ་བརྐོ་མཁན་དག་ལ་བཏང་པའི་འཕྲིན་ཞེས་པའི་དབྱར་རྩྭ་དགུན་འབུ་བརྐོ་འཐུ་བྱེད་ཕྱོགས་སྐོར་བཀའ་རྒྱ་ཞིག་ཁྱབ་བསྒྲགས་བྱས་འདུག

བཀའ་རྒྱ་དེའི་ནང་”འབྲི་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་ཁུལ་དུ་གནས་ཡོད་ལ། གནས་འདིའི་ཉམས་ཞན་དུ་འགྱུར་བཞིན་པའི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་སའི་སྔོ་ཁེབས་སྲུང་སྐྱོབ་དང་། ས་གནས་རང་གི་རྒྱུན་ལྡན་གྱི་ཕྱུགས་ལས་ཐོན་སྐྱེད་དང་སྤྱི་ཚོགས་སྒྲིག་ལམ་བཅས་ལ་སྲུང་སྐྱོབ་བཟང་བོ་བྱ་ཆེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་>> དང་འབྲེལ་བའི་ཡིག་ཆའི་གཏན་འཁེལ་གཞིར་བཟུང་སྟེ། འབྲི་སྟོད་རྫོང་མི་དམངས་སྲིད་གཞུང་གིས་ས་ཆ་གཞན་གྱི་མི་སྣ་འབྲི་སྟོད་རྫོང་དུ་ཡོང་ནས་དབྱར་རྫ་དགུན་འབུ་བརྐོ་མཁན་གཏན་འགོག་བྱ་རྒྱུ་ཡིན་ལ། བཀག་སྡོམ་བསླབ་བྱར་མི་མཉན་པར་གང་འདོད་དུ་དབྱར་རྩྭ་དགུན་འབུ་བརྐོས་ན། བྱ་བའི་མཇུག་འབྲས་དང་གྱོང་གུན་མི་རང་ཉིད་འཁུར་དགོས་ཤིང་། ཚོང་ར་ནས་དབྱར་རྩྭ་དགུན་འབུ་བརྐོ་མཁན་བསྡུ་བའམ་ཡང་ན་གླ་རྒྱག་པའི་ཚུལ་གྱིས་འབྲི་སྟོད་རྫོང་དུ་ཡོང་ནས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྣང་ཚུལ་ཚང་མ་ནི་མགོ་སྐོར་གཏོང་བའི་བྱ་སྤྱོད་ཡིན་པས་ཚང་མས་མཉམ་འཇོག་བྱེད་པར་མཁྱེན། འབྲི་སྟོད་རྫོང་མི་དམངས་སྲིད་གཞུང་ནས་བསྒྲགས།”ཞེས་བཀོད་འདུག

ཐེངས་ 42276 བཀླགས་འདུག