Donate

༧གོང་ས་མཆོག་གིས་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་བཀའ་སློབ་གནང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༧ ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ (Regal Riverside Hotel) ཞེས་པའི་གསོལ་མགྲོན་ཁང་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཞིག་གོ་བསྒྲིགས་ཞུས་པའི་ཐོག་༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་སྐབས། ཨེ་ཤེ་ཡའི་ནང་དུ་རྒྱུགས་བཞིན་པའི་ཆུ་ཆེན་གལ་ཆེ་བ་དང་མང་ཆེ་བ་དེ་དག་འབྱུང་ཁུངས་བོད་ལ་ཐུག་ཡོད་པར་བརྟེན་ནས་བོད་ཀྱི་ཁོར་ཡུག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད་ཅེས་གསུངས་འདུག Dalaia lama༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་དོན་ལ། དེ་སྔའི་དུས་རབས་ནང་གློག་བརྙན་མཐོང་རྒྱུ་མེད་པ་དང། སྐབས་དེ་དུས་ཀྱི་གློག་བརྙན་ཡོད་ན་ཧ་ཅང་ལྟད་མོ་ཆེན་པོ་དང་བསླབ་བྱ་ལེན་རྒྱུ་ཡོད་པ་ཞིག་ཡོང་རྒྱུ་ཡིན།

འོན་ཀྱང་དེང་སྐབས་བོད་ཀྱི་གློག་བརྙན་མང་པོ་ཐོན་བཞིན་ཡོད་པ་དང། བོད་ནི་འཛམ་གླིང་གི་མཐོ་སྒང་ཡིན་པ་ངོས་འཛིན་བྱེད་པ་ལྟར། བོད་ནི་ས་མཐོ་པོ་དང་གནམ་གཤིས་གྲང་མོར་བརྟེན་ནས་གངས་དང་འཁྱགས་པ་ཡང་ཤུགས་ཆེན་པོ་ཡོད་པའི་དབང་གིས་ཨེ་ཤེ་ཡའི་ནང་དུ་རྒྱུགས་བཞིན་པའི་ཆུ་ཆེན་གལ་ཆེ་བ་དང་མང་ཆེ་བ་དེ་དག་འབྱུང་ཁུངས་བོད་ལ་ཐུག་ཡོད་པར་བརྟེན་ནས་བོད་ཀྱི་ཁོར་ཡུག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད།

འཛམ་གླིང་གི་མཁས་པས། བོད་ས་མཐོའི་མཁའ་རླུང་སྐམ་པོ་ཡིན་པའི་རྐྱེན་གྱིས་ཁོར་ཡུག་ལ་ཉམ་ཆགས་ཐེངས་གཅིག་ཕྱིན་ན་སླར་ཡང་གསོ་རྒྱུར་དུས་ཡུན་རིང་པོ་འགོར་གྱི་ཡོད་པར་བརྟེན་ནས་བོད་ཀྱི་ཁོར་ཡུག་ཉམ་ཆགས་མི་འགྲོ་བར་སྲུང་སྐྱོབ་བྱ་རྒྱུ་དང་། བདག་གཅེས་བྱ་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པ་ཡིན་ཞིང་། དེ་ནི་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་ཡང་འབྲེལ་བ་ཡོད་པ་རེད།

དེ་སྔ་ཁོར་ཡུག་ཐོག་མཁས་པ་ཡིན་པའི་རྒྱ་རིགས་ཤིག་གིས་རྩོམ་ཡིག་ཅིག་བྲིས་པའི་ནང། འཛམ་གླིང་གི་ལྷོ་བྱང་རྩེ་མོ་གཉིས་ནས་དྲོད་ཚད་ཀྱི་ཤུགས་རྐྱེན་དེ་བོད་ཀྱི་མཐོ་སྒང་ནས་ཡོང་གི་ཡོད་པ་བཤད་ཡོད་པ་རེད།

དེ་བཞིན་བོད་ཀྱི་རིག་གཞུང་ལ་མཚོན་ན། བོད་ལ་ལོ་སྟོང་ཕྲག་རིང་གི་རིག་གཞུང་ཡོད་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་ཆ་མཚོན་ན། རྒྱ་ཆེ་ལ་གཏིང་གཟབ་པའི་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཡོད་པ་མ་ཟད། དེང་སྐབས་དུས་རབས་༢༡ པ་འདིའི་ནང་ཚན་རིག་པ་དང་མཉམ་དུ་ནང་སེམས་ཁམས་རིག་པའི་སྐོར་དང་དངོས་པོའི་རྡུལ་ཕྲ་མོའི་ཐོག་ལ་དཔལ་ན༌ལེནྡྲའི་ཆོས་བརྒྱུད་ནང་ཞིབ་ཅིང་ཕྲ་བ་གསུངས་དེའི་ཐོག་ནས་དཔུང་པ་མཉམ་ཞིབ་ཀྱིས་བགྲོ་གླེང་གནང་ཐུབ་ཀྱི་ཡོད་པའི་སྐོར་སོགས་བཀའ་སློབ་སྩལ་འདུག

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42220 བཀླགས་འདུག