Donate

༸གོང་ས་མཆོག་གི་སྒག་གཟིག་ལྤགས་པ་སྐོར་བཀའ་སློབ།

ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་བསྩལ་བའི་བཀའ་སློབ་ནང་“བོད་ནས་དཔར་ཐོན་པ་དེ་འདྲའི་ནང་ལ། དུས་སྟོན་སོགས་མི་མང་འདུ་འཛོམས་བྱེད་པའི་སྐབས་གསེར་དངུལ་ལས་གྲུབ་པའི་རྒྱན་ཆའི་རིགས་འདྲ་མིན་འཕྱོར་པོ་ཞེ་དྲག་གྱོན་བསྡད་པ་དེ་འདྲ་འདུག དྲང་པོ་བཤད་ན་དཔར་དེ་འདྲ་མཐོང་དུས་ང་རང་ཏོག་ཙམ་འཚེར་ཡོང་གི་འདུག དེ་འདྲའི་རྒྱན་ཆ་འཕྱོར་པོ་དང༌། སྟག་གཟིག་གི་པགས་པ་གྱོན་མཁན་དེ་ཚོའི་རྒྱུད་ལ་རྣམ་དཔྱོད་ཀྱི་ཡོན་ཏན་ག་ཚོད་ཅིག་ཡོད་དམ་སྙམ་པ་དྲན་ཡོང་གི་འདུག རྣམ་དཔྱོད་ཀྱི་ཡོན་ཏན་ཡོད་ན་ཕྱི་རྫིག་ནང་རྫིག་ཅེས། ཅིག་བྱས་ན་ལབ་ཆོག་པ་ཞིག་རེད། ནང་ལ་རྣམ་དཔྱོད་ཀྱི་ཡོན་ཏན་མེད་ན་ཕྱི་ལོགས་ལ་རྒྱན་ཆ་འཕྱོར་པོ་གྱོན་བསྡད་པ་དེ་ངོ་ཚ་དགོས་པ་ཞིག་མ་གཏོགས་དེ་ངོམ་རྒྱུ་ཞིག་རྩ་བ་ཉིད་ནས་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་བོད་པ་ཚོས་ཆོས་དང་འཇིག་རྟེན་གང་ཡིན་ཡང་ནང་གི་ཡོན་ཏན་ལ་སྦྱངས་ནས་ཤེས་བྱ་ཡོན་ཏན་གྱི་ནོར་གྱིས་ཕྱུག་པ་ཞིག་དགོས་པ་རེད་མ་གཏོགས། རྒྱན་ཆ་འཕྱོར་པོ་གྱོན་པས་ཅིག་བྱས་ན་འཕྲོད་བསྟེན་ལའང་ཕན་ཐོགས་ཨེ་ཡོད་བསམ་གྱི་འདུག སོ་སོར་དཀའ་ལས་ཁག་རོགས་རེད་མ་གཏོགས་དེས་ཕན་རྒྱུ་གང་ཡང་མི་འདུག ངས་དཔར་ཞིག་མཐོང་བྱུང༌། མཛུབ་རྒྱན་ཚིགས་ཁེབས་ཆེན་པོ་དང་རིང་པོ་དེ་འདྲ་ཞིག་འདུག དེ་གོན་པ་ཡིན་ན་མཛུབ་མོ་འགུལ་སྐྱོད་བྱེད་ཐུབ་ཀྱི་ཨེ་ཡོད་བསམ་པ་དྲན་བྱུང༌། ཚིགས་ཁེབས་དེ་འདྲ་ཞིག་གོན་ནས་སྤགས་ཤིག་ཟ་དགོས་བྱུང་ཡང་སྤགས་ཡག་པོ་ཞིག་གཡོ་ཤེས་ཨེ་ཡོང་དྲན་བྱུང༌། དེ་འདྲ་ཡིན་དུས་དེ་ཚོའི་གྲས་དེ་རྗེས་ལུས་ཀྱི་རྣམ་འགྱུར་རེད། མི་ཏོག་ཙམ་བསམ་བློ་ཡོད་པ་ཞིག་གིས་མཐོང་བ་ཡིན་ན་ཕལ་ཆེར་ཁྲེལ་དགོད་ཤོར་མདོག་ཁ་པོ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་པས་བྱབ་ཆུང་བྱེད་རྒྱུ་ཡོད་པ་མ་རེད་”ཅེས་དང༌། “དེ་དང་འབྲེལ་བའི་ཐོག་ནས་རྒྱ་གར་ནང་ལོགས་ནས་གཅན་གཟན་གྱི་པགས་རིགས་དེ་འདྲ་བོད་པས་ནག་ཚོང་རྒྱག་གི་འདུག་ཅེས་མིང་ཆད་ལྷགས་པ་དང༌། ཁྲིམས་འགལ་ཆགས་པ་དེ་འདྲ་ཡོང་གི་འདུག དེ་ཡོང་དགོས་དོན་བོད་ནང་ནས་གཅན་གཟན་གྱི་པགས་རིགས་དོན་དག་མེད་པར་བྱབ་ཆུང་ཚོས་དང་འདོད་བྱས་པའི་རྐྱེན་ལ་བརྟེན་ནས་ཚོང་ཟོག་བོད་ནང་དུ་འགྲོ་བ་དེ་འདྲའི་ཐོག་ནས་ཀྱང་སྐྱོན་ཡོང་གི་འདུག་”ཅེས་དང༌།
དེ་བཞིན་ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༥ ཉིན་ཕོ་བྲང་དུ་“རྒྱན་ཆ་དང་གོས་དེ་ཚོ་ལ་དོན་དག་མེད་པའི་དང་འདོད་བྱེད་རྒྱུ་དེ་ཡོན་ཏན་མེད་པའི་རྟགས་སྟོན་གྱི་ཡོད་པ་རེད། དངོས་གནས་ང་ཚོའི་དང་འདོད་བྱེད་ས་དང་ངོམ་རྒྱུ་དེ་ནང་གི་ཡོན་ཏན་གྱི་ཐོག་ནས་ངོམ་དགོས་རེད་མ་གཏོགས། ནང་ལ་ཡོན་ཏན་མེད་པ་ཕྱི་ལ་རྒྱན་ཆ་འཕྱོར་པོ་གྱོན་ནས་འགྲོ་བ་དེ་ངོ་ཚ་དགོས་པ་ལས་དེ་གཟི་བརྗིད་ཆེན་པོ་གང་ཡང་མ་རེད། འཛམ་གླིང་ནང་སེམས་ཅན་རི་དྭགས་པགས་པ་ནག་ཚོང་ལ་བཀག་སྡོམ་བྱེད་མཁན་དེ་འདྲ་ཡོང་གི་འདུག ང་རང་ཚོས་དེ་དེ་བཞིན་བྱས་ཏེ་པགས་རིགས་གྱོན་རྒྱུ་འཛེམས་བྱ་བྱེད་ཐུབ་ན་ཡག་པོ་རེད། སེམས་ཅན་གཅན་གཟན་གྱི་པགས་པ་དེའི་རིགས་ག་ཚོད་ཐུབ་ཐུབ་འཛེམས་ཐུབ་ན་ཡག་པོ་རེད། དེ་རིང་གི་གོ་སྐབས་ཤིག་བྱུང་བ་ཡིན་ཙང་གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་གཅིག་ཞུས་ན་བསམ་བྱུང་”གསུངས་ཡོད་པ་རེད།།
དེ་བཞིན་ཕྱི་ལོ་༢༠༠༦ ཟླ་༡ པོར་དུས་འཁོར་དབང་ཆེན་སྐབས་ྋགོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་ནང་“དེང་དུས་བོད་ནང་དུ་བོད་པ་བྱབ་ཆུང་ཁ་ཤས་ཀྱིས་སྟག་ལྤགས་དང་གཟིག་ལྤགས་དེ་ཚོ་གྱོན་གྱི་ཡོད་པ་རེད། ནང་ལ་ཡོན་ཏན་གང་ཡང་མེད་པ་ཞིག་གིས་ཕྱི་ལོགས་སུ་སྟག་ལྤགས་དང་གཟིག་ལྤགས་གྱོན་ནས་ཐབས་སྐྱོ་བོ་དང་ངོ་ཚ་དགོས་པ་ཞིག་རེད། ངས་དུས་རྟག་པར་བཤད་སྡོད་ཀྱི་ཡོད། ལག་པར་ཚིགས་ཁེབས་མཛུབ་མོ་མང་པོ་ལ་གོན་ནས་ཚིགས་ཁེབས་ལ་བྱུ་རུ་སོགས་ཀྱིས་ཕྲ་བརྒྱབ་ནས་རིང་པོ་དེ་འདྲ་ཞིག་འདུག དེ་འདྲའི་ཚིགས་ཁེབས་མང་པོ་ཞིག་མཛུབ་མོ་ལ་གོན་པ་ཡིན་ན་མཛུབ་མོ་དགྱེ་དགྱེ་སྒུར་སྒུར་བྱེད་ས་རག་ས་མ་རེད། མཛུབ་མོ་ཀེ་རེ་སྡོད་རྒྱུ་ལས་འགུལ་བསྐྱོད་རྒྱག་ཐབས་ཡོད་པ་མ་རེད། ཨ་མ་དྲིན་ཆེན་མས་མཛུབ་མོ་རེ་རེ་བཞིན་ཚིགས་ཀྱི་ཐོག་ནས་འགུལ་བསྐྱོད་རྒྱག་རྒྱུ་ཞིག་བཟོས་བཞག་ཡོད་པ་རེད། ཚིགས་ཁེབས་དེ་འདྲ་གོན་མཁན་ཚོས་སྐྱོ་མ་རང་བལྡགས་ནས་སྡོད་རྒྱུ་རེད་མ་གཏོགས་སྤགས་གཡོ་ཐུབ་ས་མ་རེད། ལྷག་པར་དེ་རིང་ཁ་སང་རྒྱ་གར་ནང་དུ་ང་ཚོ་ལ་མིང་བྱད་གསར་པ་ཞིག་ཡོད་པ་རེད། བོད་པ་ཚོ་རྒྱ་གར་དུ་སླེབས་ནས་ལོ་༤༧ མ་ཟིན་ཙམ་ཞིག་ཕྱིན་སོང་ཡང་མིང་བྱད་ཧ་ལམ་མེད། བར་སྐབས་ནས་བོད་པས་ནག་ཚོང་རྒྱག་གི་འདུག བོད་པས་གཅན་གཟན་གྱི་པགས་པ་ཉོ་ཚོང་བྱེད་ཀྱི་འདུག་ཅེས་བོད་པའི་སྒང་ལ་མིང་བྱད་ངན་པ་ཞིག་ཡོང་གི་འདུག ད་དུང་བོད་པས་རྒྱག་རེས་རྒྱག་གི་འདུག མི་གསོད་དུ་ཡོང་གི་འདུག་ཅེས་གཞི་ནས་ཤོད་ཀྱི་འདུག དེ་ཞབས་འདྲེན་རེད། ཤེས་བྱ་ཡོན་ཏན་ཡག་ཏུ་ཕྱིན་པའི་སྐད་ཆ་རེད། དཔལ་འབྱོར་ལོངས་སྤྱོད་ཡག་ཏུ་ཕྱིན་པའི་སྐད་ཆ་རེད། ཡག་ཏུ་འགྲོ་རྒྱུའི་ཚབ་ཏུ་སྡུག་ཏུ་སྡུག་ཏུ་སོང་ན་ག་འདྲ་ཞིག་འདུག ང་མི་སྒེར་ཞིག་རེད་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད་དེ། ཡིན་ནའང་བོད་སྤྱི་པའི་འགན་ཞིག་ཁུར་ནས་སྡོད་ཀྱི་ཡོད་པ་རེད། ལོ་ཡར་ཡར་རྒས་ཡོང་དུས་བོད་པའི་མིང་ཆད་སྡུག་ཏུ་སྡུག་ཏུ་སོང་ན་མཚམས་མཚམས་བསྡད་མ་བསྡད་མི་འདུག་བསམ་པ་དྲན་གྱི་འདུག ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། རེ་བ་ཞིག་བརྒྱབ་ནས་བོད་ནང་ཡིན་ནའང་རེད། བོད་ཕྱི་ལོགས་སུ་ཡིན་ནའང་རེད། ཚང་མས་ཤུགས་བརྒྱབ་ནས་བོད་བསྟན་སྲིད་ལ་ཕན་པ་ཞིག་ཡོང་གི་རེད་བསམས་ནས་རེ་བ་བརྒྱབ། ཡིད་ཆེས་བྱས། སྨོན་ལམ་བརྒྱབ་དེ་འདྲ་བྱེད་ཁུལ་བྱས་པ་རེད། ད་བོད་པའི་མིང་སྡུག་ཏུ་སྡུག་ཏུ་ཕྱིན། བོད་པའི་གཤིས་ཀ་སྡུག་ཏུ་སྡུག་ཏུ་ཕྱིན་པ་ཡིན་ན་སྐྱེ་བ་ཕྱི་མ་གང་དུ་འགྲོ་གདེངས་ཞིག་གང་ཡང་མེད་དེ། ཕན་ཐོགས་མེད་ན་ཆོ་གང་ཡང་མི་འདུག དེ་ངས་ཡུས་བཤད་པ་མ་རེད་མཚམས་མཚམས་དེ་འདྲ་དྲན་གྱི་འདུག་ཅེས་དང༌། གཅན་གཟན་གྱི་པགས་པ་ཉོ་ཚོང་བྱེད་རྒྱུ་ལ་སོགས་པའི་སྐོར་མཚམས་འཇོག་བྱེད་དགོས་ཀྱི་འདུག་ཅེས་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད།
ད་ལྟ་ཁྱོད་རང་ཚོ་བོད་ནས་གསར་པ་འབྱོར་སྡོད་མཁན་ཚོ་ལ་ཆེད་མངགས་ལབ་རྒྱུ་ཞིག་ལ། རྒྱན་ཆ་ལ་དང་འདོད་བྱེད་རྒྱུ་དང༌། སྟག་གཟིག་གི་པགས་པས་གྱོན་ཆས་བཟོ་རྒྱུ་དེ་ཚོ་ལྐུག་པས་ལྐུག་རྟགས་སྟོན་གྱི་ཡོད་པ་རེད། བོད་པའི་མཚན་ཤས་དང་ངོ་ཚ་དགོས་པ་ཞིག་རེད། རྒྱན་ཆ་དེ་ནང་གི་རྒྱན་ཆ་དགོས་པ་རེད། ཆོས་ཡོན་ཏན་གྱི་ཤེས་ཚད་ཡོད་ན་དེ་རྒྱན་ཆ་རེད། ནང་ལ་ཡོན་ཏན་གང་ཡང་མེད་པ་ཞིག་ལ་གྲི་ཞིག་བཏགས། སྟག་ལྤགས་དང༌། གཟིག་ལྤགས། སྲམ་ལྤགས་བཅས་མང་པོ་ཞིག་གྱོན་ནས་ལྷ་འབབ་རྒྱུ་ཡོད་པའི་བཟོ་འདྲ་ཞིག་བྱེད་ཀྱི་འདུག འོ་ན་ལྷ་ཡག་པོ་ཞིག་ཕེབས་དང༌། དེ་ཆོ་ཁྱོན་ནས་མི་འདུག དེ་འདྲ་བྱེད་རྒྱུ་ཡོད་པ་མ་རེད། སྐབས་རེ་ས་གནས་ཀྱི་ལས་བྱེད་བྱབ་ཆུང་དེ་འདྲས་ཀྱག་ཀྱག་བྱས་ནས་ཁྱོད་ཚོས་ཡོད་ཚད་གོན་ཤོག་ཨ་ཞེས་བརྗོད་དུས། བོད་པ་བྱབ་ཆུང་རེ་ཟུང་གིས་དེ་ཡིན་ཤག་བྱས་ནས་འདྲ་མི་འདྲ་སྣ་ཚོགས་ཤིག་གྱོན། དེ་འདྲ་བྱེད་ཀྱི་ཡོད་པ་འདྲ། དེ་ཚོ་ངོ་ཚ་དགོས་པ་ཞིག་རེད། ཁྱེད་ཚོས་རྒྱལ་བ་རིན་པོ་ཆེ་ངོ་ཚ་ནས་བསྡད་འདུག་ཅེས་ལབ་ཤོག་ཨ་”ཅེས་སོགས་བཀའ་སློབ་བསྩལ་གནང་ཡོད་པ་རེད།།

ཐེངས་ 42194 བཀླགས་འདུག