Donate

ཁང་ཁྱིམ་དང་རྩྭ་སར་ལྕགས་ར་སྐོར་བ་ཁྲིམས་འགལ་རེད་ཟེར།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་མདོ་སྨད་མང་ར་ཕྱོགས་སུ་བོད་མིའི་ཁང་ཁྱིམ་དང་རྩྭ་སར་ལྕགས་ར་སྐོར་བ་ཁྲིམས་འགལ་ཡིན་ཚུལ་བཤད་ནས་གཏོར་བཤིག་གཏོང་བཞིན་ཡོད་འདུགMangra, Amdo Region མདོ་སྨད་མང་ར་རྗོང་སུམ་མདོ་གྲོང་རྡལ་གྱི་གྲོང་པའི་འགོ་གཙོས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་དང་། ཁྲིམས་འཛིན་ལས་ཁུངས། སྡེ་པ་བཅུ་དྲུག་གི་སྡེ་དཔོན་སོགས་མཉམ་དུ་འཁྲིད་ནས་མི་གྲངས་ ༢༠༠ ལྷག་ཙམ་མང་ར་ཕྱོགས་ཀྱི་བན་ཤུལ་བྱེ་སྣའི་འབྲོག་སྡེ་ཁུལ་དུ་གློ་བུར་དུ་འབྱོར་ནས། ས་གནས་བོད་རིགས་འབྲོག་པ་རྣམས་ཀྱི་ཁང་ཁྱིམ་བཟོས་པ་ཁག་ཁྲིམས་མཐུན་མིན་པའི་འགྲེལ་བརྗོད་བྱས་ནས་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་གཏོར་བཤིག་གཏོང་འགོ་བཙུགས་ཡོད་པ་དང་། གཏོར་བཤིག་གི་ལས་འཆར་དེ་བདུན་གཅིག་ཙམ་འགོར་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག

འོན་ཀྱང་ས་གནས་ཀྱི་བོད་མི་རྣམས་ཀྱིས་ངོས་ལེན་མ་བྱས་པ་འབྲེལ་ཡོད་ལས་བྱེད་རྣམས་ལ་ཁ་གཏད་གཏམ་བཤད་བྱས་པའི་ནང་། ས་གནས་ཀྱི་བོད་མི་རྣམས་ཀྱི་ཁང་ཁྱིམ་གཏོར་དགོས་པའི་རྒྱུ་མཚན་གང་ཡིན་པ་དང་། བོད་མི་རྣམས་ཀྱིས་བཟོས་པའི་ཁང་ཁྱིམ་དབང་ཤེད་ཀྱིས་གཏོར་བཤིག་བྱས་པ་དེ་ལས་རྒྱུ་འབྲས་དང་མ་མཐུན་པ་ཡིན་པའི་ངུ་འབོད་ངོ་རྒོལ་བྱས་འདུག

ད་དུང་གནས་ཚུལ་ལྟར་ན། འདས་པའི་ལོའི་ནང་དུ་ཡང་གཞུང་གི་དཔོན་རིགས་བན་ཤུལ་བྱེ་སྣ་རུ་ཡོང་ནས་བོད་མི་རྣམས་ཀྱིས་བཟོས་པའི་ཁང་ཁྱིམ་དང་། མཁར་གྱང་མང་པོ་ཞིག་བཙན་ཤེད་ཀྱིས་གཏོར་བཤིག་བཏང་ནས་བོད་མི་རྣམས་ལ་དཀའ་ངལ་ཤུགས་ཆེ་སྤྲད་ཡོད་པ་རེད་འདུག ད་ལྟ་དཀའ་ངལ་དུ་ལྷུང་པའི་བན་ཤུལ་སྡེ་པ་དེ་ས་ཁུལ་གྱི་ཚོ་ཆེན་དྲུག་དང་། ཚོ་ཆུང་བཅུ་གཉིས་ཀྱིས་གྲུབ་པའི་མང་ར་རྗོང་གི་སྡེ་པ་ཆེ་ཤོས་དེ་ཡིན་པ་རེད།

གནས་ཚུལ་ཡོངས་ཁུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42270 བཀླགས་འདུག