Donate

ཁམས་ཡུལ་ཤུལ་གྱི་ཁོར་ཡུག་སྲུང་སྐྱོབ་པ་གཉིས་འཛིན་བཟུང་།

༢༠༡༣ ལོའི་ཟླ་༩ ཚེས་༡༨ ཉིན་ཁམས་ཡུལ་ཤུལ་ཁུལ་ནས་ཡིན་པའི་ཚེ་ཏན་དོན་འགྲུབ་དང་། ༢༠༡༣ ལོའི་ཟླ་༡༢ པའི་ཚེས་པ་༢༥ ཡས་མས་སུ་འཛུམ་དགའ་གཉིས་རྒྱ་གཞུང་གིས་འཇུ་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ནའང་། ཕྱི་ཟླ་༡ པོའི་ནང་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཚེ་ཏན་ནི་ཁམས་ཡུལ་ཤུལ་ཁུལ། ཡུལ་ཤུལ་རྫོང་། ཟུར་མང་ཆུང་བའི་རམ་མདོ་འཚོ་བའི་སྨན་ལུང་རུ་ཁག་ནས་ཡིན་པ་དང་། ཕ་མིང་ལ་འབའ་བ་དང་མ་མིང་ལ་གསེར་མཚོ་ཟེར་ཞིང་། ད་ལྟ་ལོ་༣༥ ཡིན་འདུག ཁོང་མཚོ་སྔོན་ཟི་ལིང་དུ་ཕེབས་སྐབས། ༢༠༡༣ ལོའི་ཟླ་༩ ཚེས་༡༨ ཉིན་དགོང་མོ་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པ་ཤེས་རྟོགས་བྱུང་ཡོད་ནའང་། ཉིན་དེ་ནས་བཟུང་ཕྱི་ལོ་༢༠༡༤ ཟླ་བ་༡ ཚེས་པ་༥ བར་འབྲེལ་ཡོད་ཕ་མ་ཉེ་འབྲེལ་རྣམས་ཀྱིས་བཙོན་ཁང་དང་དཀག་ཉར་ཁང་སོགས་ནས་འདྲི་རྩད་ཇི་ལྟར་བྱས་ཀྱང་། དོན་གནད་གང་གི་ཆེད་བཟུང་བ་དང་། ས་ཆ་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོག་ཐུབ་མེད་པ་རེད།

ཉེ་ཆར་ཡུལ་ཤུལ་བྱ་ཆུ་ཁོག་བཙོན་ཁང་ཆེན་མོའི་ནང་དུ་བསྐྱལ་ཡོད་པའི་གསང་གཏམ་ཞིག་ཐོས་པ་ལས། མི་སུ་གཅིག་ལའང་འབྲེལ་གཏུག་བྱེད་བཅུག་མེད་པ་མ་ཟད། ཟི་ལིང་ནས་ལྐོག་བཟུང་བྱེད་མཁན་དེའང་ནམ་རྒྱུན་ཡུལ་ཤུལ་རྫོང་གི་ཉེན་རྟོག་འགོ་གཙོ་གཞོན་པ་གསོ་གཞིས་རྐམ་ཟེར་བ་དེ་དང་། ཟུར་མང་ཆུང་བའི་རུ་ཆེན་གྱི་ཉེན་རྟོག་འགོ་གཙོ་སྐྱིད་ཕུན་ཚོགས་ཟེར་བ་གཉིས་ཡིན་པ་ཤེས་རྟོག་བྱུང་འདུག

ཁོང་ནི་བོད་ནས་སློབ་མཐར་ཕྱིན་རྗེས་ཁམས་འབྲི་སྟོད་ལ་ལོ་གཅིག་ཙམ་རིང་བོད་དགེ་བྱས་པ་དང་། དེ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས། རྫོང་སར་བཤད་གྲྭལ་ནང་ཆོས་སོགས་སྦྱང་བ་བྱས་ཏེ་ཕ་ཡུལ་ལ་ཕྱིར་ལོག བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་མང་པོ་གནང་མཁན་ཞིག་དང་ཡུལ་ཤུལ་ཁུལ་གྱི་ཞིང་འབྲོག་མང་ཚོགས་རྣམས་ལ་རིན་མེད་ངང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་ཐད་འཆད་ཁྲིད་དང་། སྤྱི་ཚོགས་ཞབས་ཞུ་མང་པོ་བྱེད་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་འགྲོ་སྟངས་དང་རྩ་ཁྲིམས་སོགས་ཡག་པོ་ཤེས་མཁན་ཞིག་ཀྱང་ཡིན་འདུག དེ་བས་ཡུལ་ཤུལ་ཞིང་འབྲོག་མི་མང་རྣམས་ཀྱིས་དགའ་མོས་དང་ཡིད་ཆེས་བྱེད་སའི་ཤེས་ཡོན་ཅན་གྱི་ཕུལ་བྱུང་གི་མི་སྣ་རླབས་ཆེན་ཞིག་ཏུ་ཆགས་ཡོད་པ་རེད།ཅེས་བོད་ནས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག

འཛུམ་དགའ་ནི་ཁམས་ཡུལ་ཤུལ་རྫོང་། ཟུར་མང་ཆུང་བའི་རྫ་མཆོག་གྲོང་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་བཀྲིས་རྒྱལ་མཚན་དང་མ་མིང་ལ་སྐྱིད་ཡང་ཟེར་ཞིང་། ད་ལྟ་ལོ་ལྔ་ཅུ་ཡས་མས་ཤིག་ཡིན་འདུག

ཁོང་འཇུ་བཟུང་མ་བྱས་པའི་ཟླ་བཞི་ཙམ་གྱི་སྔོན་ནས་ས་གནས་ཉེན་རྟོག་པས་སུན་པོ་བཟོས་པ་ལ་བརྟེན་ནས། ཉེན་ཡོལ་ལྟ་བུར་སོང་ཡང་། ༢༠༡༣ ལོའི་ཟླ་༡༢ པའི་ཚེས་པ་༢༥ ཡས་མས་སུ་པེ་ཅིང་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག

ད་བར་དོན་གནད་གང་གི་ཆེད་དུ་བཟུང་བ་དང་ས་ཆ་གང་དུ་དཀག་ཉར་བྱས་ཡོད་མེད་ཤེས་རྟོགས་གང་ཡང་ཐུབ་མི་འདུག ཁོང་སྐུ་ཞབས་ཚེ་ཏན་དོན་འགྲུབ་དང་མཉམ་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གི་ཕ་ཡུལ་རྫ་མཆོག་ནས་གཏེར་རྐུན་བཀག་འགོག་བྱས་པ་དང་། གཞན་ཡུལ་ཤུལ་ས་གནས་ཁག་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་འགའ་ཞིག་ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གང་མང་གནང་ཡོད་འདུག

དེའང་སྐུ་ཞབས་ཚེ་ཏན་དོན་གྲུབ་དང་འཛུམ་དགའ་སོགས་ཀྱིས་རྫ་མཆོག་ཡུལ་ནས་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ནས། ས་གནས་སྲིད་གཞུང་ཁྲིམས་གཏུགས་བྱས་ཏེ། རྫོང་དང་ཁུལ། ཞིང་ཆེན། དབུས་གཞུང་པེ་ཅིང་བར་ཁྲིམས་གཏུགས་བྱས་ཤིང་། དེ་སྔོན་རྫ་མཆོག་ཡུལ་ཚོ་སོགས་ནས་གཏེར་ཁ་སྔོག་འདོན་བྱེད་མི་ཆོག་པ་བྱེད་མྱོང་ཡོད་འདུག

ཡིན་ནའང་དོན་རྐྱེན་དེའི་དབང་གིས་གོང་སྨོས་ཉེན་རྟོག་པས་འགོ་གཙོ་ཁ་ཅིག་དང་གཏེར་རྐུན་དག་ངན་པ་ལྐོག་འབྲེལ་བྱས་ཏེ། དབང་ཆ་སྒེར་སྤྱོད་ཀྱིས་ཉིན་མཚན་ལོ་ཟླ་བསྟུད་དེ་གཏེར་ཁ་སྔོག་འདོན་བྱེད་བཞིན་ས་གནས་ཡུལ་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེའི་ཕྱོགས་ལ་འགོག་རྒོལ་ཅུང་ཙམ་བྱེད་མཁན་ཡོད་ཚེ། ཆབ་སྲིད་དང་བསྲེས་ཏེ་ཁག་འགན་འདྲ་མིན་བཀལ་ནས་རྡུང་རྡེག་དང་བཙོན་འཇུག་ཉེས་ཆད་སྣ་ཚོགས་པ་བཅད་དེ། འགུལ་སྐྱོད་མི་ཕོད་པ་ལག་བསྟར་མུ་མཐུད་བྱེད་བཞིན་ཡོད་པ་ལྟར། ཁོང་གཉིས་ལ་ཆབ་སྲིད་ཀྱི་ནག་ཉེས་གཡོག་ཏེ་ཁྲིམས་ཐགས་གཅོད་སྲིད་པའི་ནང་མི་དང་ཡུལ་མི་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན།

ཐེངས་ 42215 བཀླགས་འདུག