Donate

ཁམས་སྡེ་དགེ་ཁུལ་དུ་ས་འོག་ཕུག་ལམ་གྱི་ལས་གཞི་དང་མི་མང་གི་དཀའ་ངལ།

རྒྱ་གཞུང་གིས་སྡེ་དགེའི་མཐིལ་དཔོན་མདའ་ཞང་ནས་སྐམ་ཐོག་བར་དུ་ས་འོག་ཕུག་ལམ་བཟོ་བར་ཁ་གཡར་ཏེ་ས་གནས་དུད་ཚང་མང་པོ་བཙན་གྱིས་གནས་སྤོ་རུ་འཇུག་བཞིན་ཡོད་འདུག  འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཉེ་ཆར་རྒྱ་གཞུང་གིས་ཁམས་སྡེ་དགེ་དཔོན་མདའ་ཞང་མཚོ་ཀོང་མའི་གྲོང་ཚོ་ནས་སྐམ་ཐོག་ཅེས་པའི་བར་དུ། 

“དམག་སྡེ་བཅོ་བརྒྱད་པའི་ལམ”ཞེས་པའི་ས་འོག་ཕུག་ལམ་ཞིག་བཟོ་རྒྱུ་ཡིན་ཚུལ་གྱིས།  ས་གནས་དུད་ཚང་དྲུག་བདུན་ཞིག་བཙན་གྱིས་གནས་སྤོར་བྱེད་བཅུག་ཟིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ད་དུང་དུད་ཚང་ཉི་ཤུ་ཡས་མས་ཤིག་གནས་སྤོ་དགོས་ཐུག་སྲིད་སྐོར་གྱིས་ཐོ་འགོད་བྱས་ཡོད་འདུག

ས་གནས་མང་ཚོགས་ཀྱིས་སྲིད་གཞུང་ལ་ས་ཆ་དེ་ང་ཚོའི་ཕ་ས་ཕ་ཡུལ་དང་། སྡོད་ཁང་དང་ས་ཞིང་ཆགས་ཡོད་ས་དེ་ཡིན་སྟབས། ས་གནས་གཞན་དུ་སྤོས་ན་ཡོང་ཐབས་མེད་པ་དང་། འགད་རྫས་སོགས་སྤྱད་དེ་ས་བརྐོ་རྡོ་སློག་གི་ལས་གཞི་རྒྱ་ཆེན་པོ་སྤེལ་ན། རི་ཉིལ་བ་དང་ཆུ་ཤོར་བ་སོགས་རང་བྱུང་གནོད་འཚེ་འབྱུང་སྲིད་སྐོར་གྱི་ཞུ་བ་ལན་མང་བྱས་ཀྱང་། སྲིད་གཞུང་གིས་ཉན་འཇོག་མ་བྱས་པར་ལས་གཞི་མགོ་འཛུགས་ཀྱིན་ཡོད་ལ། ལོ་གཉིས་གསུམ་གྱི་ནང་དུ་མཇུག་སྒྲིལ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ། རྒྱ་གཞུང་གིས་གནས་སྤོ་དགོས་པའི་དུད་ཚང་ཁག་གི་ཁང་པའི་ཆེ་ཆུང་ལ་དཔག་པའི་རྒྱ་སྒོར་ཁྲི་བདུན་བརྒྱད་ནས་ཉི་ཤུ་ཡས་མས་སྤྲོད་རྒྱུ་ཡིན་ཚུལ་བརྗོད་དེ་དུད་ཚང་ཁ་ཤས་ལ་དངུལ་འཛིན་རེ་སྤྲད་ཡོད་ཀྱང་། དངུལ་དེ་དོ་བདག་གི་ལག་ཏུ་རག་ཡོད་མེད་ཧ་གོ་མ་སོང་ཟེར། ཁོང་གིས་མུ་མཐུད་དུ། དཔོན་མདའ་ནས་སྐམ་ཐོག་བར་རླངས་འཁོར་སྐར་མ་ ༢༠ ཙམ་ལས་འགྲོ་དགོས་ཀྱི་མེད་ལ། ལམ་ཁ་དེ་སྔོན་མ་ནས་ཡར་ལྷ་ས་དང་མར་འབྲི་ཆུའི་ཤར་ནུབ་སོགས་སུ་སྐྱོད་པའི་ལམ་ཁ་ཧ་ཅང་ཡག་པོ་ཡོད་སྟབས། ས་འོག་ཕུག་ལམ་གསར་པ་ཞིག་དགོས་དོན་མེད་ཀྱང་། ལས་གཞི་དེར་དམིགས་ཡུལ་གཞན་ཞིག་ཡོད་པ་གསལ་བོ་ཡིན་ལ།  སྡེ་དགེ་མཐིལ་རི་སྣ་སུམ་མདོ་ཞིག་གི་བར་ན་ཆགས་ཡོད་སྟབས་ས་ཆ་ཧ་ཅང་འགག་དོག་པོ་ཡིན་པ་མ་ཟད། བོད་ཀྱི་རིག་མཛོད་ཆེན་མོ་སྡེ་དགེའི་པར་ཁང་ཡང་ས་དེར་ཡོད་སྟབས། ས་འོག་ཕུག་ལམ་དེས་གནོད་སྐྱོན་ཆེན་པོ་བཟོ་སྲིད་སྐོར་ངོ་སྤྲོད་གནང་སོང་

ལོ་ལྔ་ཙམ་གྱི་སྔོན་ནས་བཟུང་རྒྱ་གཞུང་གིས་སྡེ་དགེ་དཔོན་པོ་སྟོད་ཕྱོགས་ནས་འབྲི་ཆུ་བཀག་སྟེ།  རྒྱ་ནག་ནང་དུ་གློག་ཤུགས་མཁོ་འདོན་བྱེད་སའི་གློག་ཁང་ཆེན་པོ་ཞིག་རྒྱག་འཆར་ཡོད་པས།  ས་དེར་ཡོད་པའི་གྲོང་ཚོ་ཚང་མ་མར་མི་ཉག་གཞག་ར་ལྷ་རྩེ་དང་། ཡར་ཀོང་པོའི་ཕྱོགས་སུ་གནས་སྤོ་དགོས་ཚུལ་བརྗོད་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་སྔ་གཞུག་ཏུ་མོས་མཐུན་མེད་པའི་སྙན་ཞུ་ལན་མང་ཕུལ་པར་སྲིད་གཞུང་གིས་བརྡ་ལན་གང་ཡང་སྤྲད་མི་འདུག

ཁོས་ངོ་སྤྲོད་གནང་བར། ད་སྔ་ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་གོ་ཐོས་མ་བྱུང་ཡང་། གལ་སྲིད་ལས་གཞི་དེ་དངོས་སུ་ལག་བསྟར་བྱས་ཚེ། ས་ཁུལ་དེར་ཡོད་པའི་གྲོང་ཚོ་སུམ་ཅུ་ཙམ་དང་། དགོན་སྡེ་དགེ་དྲུག་བདུན་ཞིག་ལ་གནོད་པ་ཐེབས་རྒྱུ་ཡིན་པ་མ་ཟད། ས་གནས་གཞན་དག་ལའང་རང་བཞིན་གྱིས་གནོད་པ་ཐེབས་རྒྱུ་ཡིན་ལུགས་དང་།  སྔོན་ཆད་ཀྱང་རྒྱ་གཞུང་གིས་སྡེ་དགེའི་འབྲི་གཉན་འདོང་རྡོ་རྗེ་བློ་གྲོས་ཞེས་པའི་རི་བོ་དང་འཕྲང་རོང་འགག་ཅེས་པ་རུ་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ཏེ། ད་ལྟའང་ས་ཆ་དེར་སྟོན་ཐོག་ཡག་པོ་མི་སྐྱེ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་།  དེ་བཞིན། ལོ་འགའི་སྔོན་ནས་བཟུང་རྒྱ་གཞུང་གིས་དཔོན་པོ་སྟོད་ཀྱི་ཧྲེང་ཤེ་ནགས་ཞེས་པ་རུ་རླངས་འཁོར་ལམ་ག་བཟོས་ཏེ། ཤིང་ནགས་གཅོད་འབྲེག་གིས་འཚོང་འདྲེན་བྱེད་ཀྱི་ཡོད་ཀྱང་། ན་ནིང་ནས་དཔོན་པོ་སྟོད་ཀྱི་ལྷ་འབྲང་དགོན་དང་གྲོང་སྡེའི་བོད་མི་ཚོས་ངོ་རྒོལ་བྱས་ཏེ་གནས་སྐབས་སུ་མཚམས་བཞག་ཡོད་སྐོར་སོགས་བརྗོད་སོང་བོད་ཀྱི་དུས་བབ་ལས་འདྲེན་བཀོད་བྱས།

ཐེངས་ 42188 བཀླགས་འདུག