Donate

ཁོར་ཡུག་གི་གྲུབ་ཆ།

སྤྱིར་ཁོར་ཡུག་གི་གྲུབ་ཆ་ནི། རླུང་ཁམས་ཀྱིས་གནོད་འཚེ་ཅན་གྱི་འོད་མདངས་ཕྲ་མོ་ཞཻས་པའི་འོད་ཀྱི་ཕུང་པོ་དེ་དག་གིས་འཛམ་བུ་གླིང་འདི་སྐྱོབ་ཀྱི་ཡོད་པ་བཤད་ལ། སྣོད་བཅུད་དེ་དག་འཚོ་ཐུབ་པའི་ཟེ་རླངས་དང༌། སྲོག་འཛིན་རླུང༌། ཡང་རླུང༌། ནག་རྫས་ཉིས་འགྱུར་འབར་རླངས། རླངས་ཆུ་ལ་སོགས་པའི་རླུང་འདྲེས་མ་དེ་དག་ཙམ་མ་ཟད། འབྱུང་བ་གཞན་དང༌། བསྡུས་རྫས། རྡུལ་ཕྲན་སོགས་ལ་ཟེར་ཞིང༌། དེ་འདྲའི་རླུང་ཁམས་དེ་ཉི་མ་དང་སའི་གོ་ལ་ནས་བྱུང་བའི་རླབས་འགྱེད་ནུས་པས་ཚ་པོ་ཆགས་པ་སོགས་ལ་བརྟེན་ནས་ཚ་གྲང་ཁོད་མི་སྙོམས་པ་ཡོང་གི་ཡོད། དེ་བཞིན་འཛམ་བུ་གླིང་འདི་བརྒྱ་ཆ་ ༦༡ ཆུས་ཟིན་ཡོད་པ་དང༌། དེའི་ནང་ནས་བརྒྱ་ཆ་ ༩༧ རྒྱ་མཚོ་དང༌། བརྒྱ་ཆ་ ༢ འཁྱག་རོམ། ལྷག་མ་བརྒྱ་ཆ་ ༡ དེ་དྭངས་གཙང་གི་རྒྱུག་ཆུ་དང༌། མཚོ་དང་མཚེའུ། ས་འོག་གི་ཆུ། རླུང་ཁམས་དང༌། གཞའ་ཚན་བཅས་ཡིན་ལ། ཆུ་ནི་འགྲོ་བ་མི་གཙོས་པའི་སྲོག་ཆགས་དང༌། རྩི་ཤིང་སོགས་དང་ཁ་བྲལ་ཐབས་མེད་པའི་འཚོ་རྟེན་བྱ་ས་གཙོ་བོ་ཞིག་ཆགས་ཡོད།

ས་གཞི་ནི་འཛམ་གླིང་གི་ཚེ་སྲོག་འཚོ་ཐུབ་པའི་འབྱུང་བ་སྲབ་མོ་དེ་ལ་ཟེར་ཞིང༌། གནམ་གཤིས་དང་འཁྱག་རོམ་གྱིས་བདས་པའི་ས་དང༌། སྙིགས་བསགས་བྲག་རྡོ་ལ་སོགས་པ་ནི་རྩི་ཤིང་ཐོན་རྫས་དང་གཏེར་དངོས་གཙོས་པའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ཆ་གཙོ་བོ་དེ་ཡིན་ཞིང༌། དེ་དག་ལ་འཛམ་བུ་གླིང་འདིའི་སྒང་ལ་གནས་པའི་འགྲོ་བ་མི་གཙོས་པའི་སྲོག་ལྡན་ཚང་མར་བརྟེན་ས་མེད་དུ་མི་རུང་བ་ཞིག་ཡིན། འཛམ་བུ་གླིང་གི་ལོ་རྒྱུས་རིང་པོ་དེའི་ནང་སའི་གོ་ལ་དེ་རབ་དང་རིམ་པས་འགྱུར་བ་ཕྱིན་ཡོད་ལ། དེ་ཡང་གླིང་ཆེན་དེ་རིམ་པས་འགྱུར་ཏེ་ས་གཞི་ཆེན་པོ་ཁག་ཏུ་གྱུར་པ་དང༌། སྐབས་རེ་རྒྱ་མཚོ་ཆེན་པོས་འོག་ཏུ་མནན་ཅིང་སྐབས་འགར་ས་གཞི་ལས་ཕྱིར་ཤིག་བརྒྱབ་པ། འགྱུར་གྲོས་དེ་དག་ཁྲོད་ནས་སྐབས་རེ་རི་བོ་ཆགས་ཤིང༌། མཚམས་རེར་རི་བོ་མེད་པར་གྱུར་ཏེ་སྙིགས་རོ་རྣམས་རྒྱ་མཚོའི་མཐའ་ལ་གསོག་གི་ཡོད།

ཁོར་ཡུག་གི་གནས་སྟངས་འགྱུར་བ་ཕྱིན་པ་བརྒྱུད་གནམ་གཤིས་ཚ་གྲང་གཉིས་ཆགས་པར་བརྟེན་ནས་སྐྱེ་དངོས་མང་པོ་ཞིག་གསར་དུ་སྐྱེ་འཕེལ་དང་རྩ་སྟོངས་འགྲོ་བ་སོགས་བྱུང་ཡོད་ལ། དེ་ཡང་ཆེས་ཉེ་དུས་ཀྱི་གཙོ་ཆེ་བའི་ཁོར་ཡུག་འགྱུར་བ་དེ་འཁྱག་རོམ་དུས་སྐབས་སུ་བྱུང་བ་ཡིན་པ་བཤད་ཅིང༌། བྱང་ཕྱེད་གོ་ལའི་གནམ་གཤིས་གཏོར་བཤིག་བཏང་བ་མ་ཟད། དེ་དང་མཉམ་དུ་ས་གཞིའི་བཟོ་དབྱིབས་ཡོངས་རྫོགས་ལ་འགྱུར་བ་ཕྱིན་ཡོད་ལ། དེ་ལ་བརྟེན་ནས་འཛམ་བུ་གླིང་གི་ནང་དུ་གནམ་གཤིས་ཚ་གྲང་ཁོད་མ་སྙོམས་བར་དུ་རྩི་ཤིང་དང་སྲོག་ཆགས་རིགས་ཀྱི་སྐྱེས་འཕེལ་ལ་ཤུགས་རྐྱེན་ཐེབས་ཏེ། ད་གཟོད་ང་ཚོའི་མིག་ལམ་ལ་མཐོང་རྒྱུ་ཡོད་པའི་དེང་དུས་ཀྱི་ཁོར་ཡུག་འདི་ཆགས་པ་རེད།།

ཐེངས་ 42179 བཀླགས་འདུག