Donate

ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་སྐོར།

ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འགའ་ཤས་དང་མཉམ་འབྲེལ་གྱིས་བོད་པའི་སྤྱི་ཚོགས་ནང་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཤེས་བྱ་གོ་རྟོགས་གོང་མཐོར་ཡོང་ཆེད་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་དང་སྤེལ་བཞིན་པ་ཡིན། ལྷག་པར་དུ་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་དང་མཉམ་དུ་ལས་ཀ་བྱས་ཏེ་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐོར་ལ་ཞིབ་འཇུག་དང་ལས་འགུལ་སོགས་གང་མང་སྤེལ་ཡོད།

ང་རང་སྒེར་གྱིས་འགན་འཁུར་དང་རོགས་རམ་བཙལ་ཏེ་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་Wildlife Protection Society of India WPSIདང༌། རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཁང་Environmental Investigation Agency EIA། ཨ་རིའི་སྟག་གི་ཐེབས་རྩ་ཁང་The Fund for the Tiger སོགས་ཀྱིས་རོགས་རམ་འོག་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དཔལ་ལྡན་འབྲས་སྤུངས་སུ་ྋགོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་མིང་ཐོག་ནས་“བདག་མེད་སེམས་ཅན་སྲུང་སྐྱོབ་ལ་རོགས་རམ་དང༌། གཅན་གཟན་པགས་རིགས་ཉོ་ཚོང་མཚམས་འཇོག་བྱེད་རོགས་”ཞེས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་དཔར་རིས་འགྲེམས་སྟོན་སོགས་ཀྱི་གོ་རྟོགས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་ཐུབ་པ་བྱུང་སོང༌། དེའི་སྐབས་ྋགོང་ས་མཆོག་གིས་རི་སྐྱེས་སྲོག་ཆགས་སྐོར་ལ་གསུང་བའི་བཀའ་སློབ་འཁོར་ཐག་དང༌། འབྲེལ་ཡོད་ཡིག་ཆ། དཔར་རིས། འོད་སྡེར་སོགས་ཁྲི་ཕྲག་མང་པོ་ཆོས་ཞུ་བ་ཡོངས་དང་ལྷག་པར་དུ་བོད་ནས་ཕེབས་མཁན་ཆོས་ཞུ་བ་སྟོང་ཕྲག་མང་པོར་རིན་མེད་ཐོག་འགྲེམས་སྤེལ་ཐུབ་པ་བྱུང་སོང་བས་གོང་གསལ་གྱི་ཡིག་ཆ་དང༌། འོད་སྡེར་བཀའ་སློབ་འཁོར་ཐག་སོགས་བོད་ཀྱི་ས་གནས་གང་སར་འབྱོར་ཡོད་པ་འབྲེལ་ཡོད་བོད་ནས་གནས་མཇལ་ལ་ཡོང་མཁན་མང་པོས་གཤད་སོང་བ་མ་ཟད། དྲིལ་བསྒྲགས་ཀྱི་ཡིག་ཆ་དང་དཔར་རིས་ཁག་གཅིག་བོད་ནང་གི་དུས་དེབ་ཅིག་གི་རྒྱབ་ཤའི་སྒང་ལ་བཞག་ཡོད་པ་མིག་མཐོང་ལག་ཟིན་བྱུང་བས་བོད་པའི་སྤྱི་ཚོགས་ནང་རི་སྐྱེས་སྲོག་ཆགས་ཀྱི་གོ་རྟོགས་གོང་འཐོར་ཡོང་ཆེད་ཕན་ཐོགས་ཀྱང་རྒྱ་ཆེར་བྱུང་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༦ ཟླ་ ༨ པ་ནས་བཟུང་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་Wildlife Protection Society of India WPSIབརྒྱུད་ཨ་རིར་རྟེན་གཞི་བྱེད་པའི་ས་ཆ་རུ་ན་ཐེབས་རྩ་ཁང་(Sacharuna Foundation)ནས་རོགས་རམ་འོག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་མིང་ཐོག་ནས་གོ་སྒྲིག་བྱས་ཏེ་ལོ་གཅིག་དང་ཕྱེད་ཀའི་རིང་རྒྱ་བལ་ཁུལ་གྱི་བོད་མིའི་གཞིས་ཆགས་དང༌། སློབ་གྲྭ། དགོན་པ་བཅས་ཀྱི་ནང་“བོད་མི་རྣམས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་”ཞེས་པ་ཞིག་གོ་སྒྲིག་གིས་འབྲེལ་ཡོད་ཡིག་ཆ་འགྲེམས་སྤེལ་དང་གློག་བརྙན་གཟིགས་འབུལ། དཔར་རིས་ངོ་སྤྲོད། བོད་ནང་པགས་རིགས་མེར་སྲེག་བཏང་བ་སོགས་ཀྱི་སྐོར་གནས་ཚུལ་ངོ་སྤྲོད་སོགས་བྱས་པ་ཡིན།
ལས་འགུལ་དེ་ཐོག་མར་བཞུགས་སྒར་དྷ་རམ་ས་ལ་ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༢༡ ཉིན་གཙུག་ལག་ཁང་དུ་ལས་འགུལ་གོ་སྒྲིག་བྱས་ཡོད་པ་དང༌། སྐབས་དེ་དུས་དྷ་ས་ཁུལ་གྱི་མི་མང་ ༥༠༠ ལྷག་འདུ་འཛོམས་བྱུང་ཡོད་སོང༌། དེ་རྗེས་ཕྱི་ལོ་༢༠༠༧ ཟླ་ ༡༠ནས ༡༢ བར་ཟླ་བ་གསུམ་ཙམ་རིང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་གཞིས་ཆགས་བཅུ་གསུམ་དང༌། སློབ་གྲྭ་བཅོ་ལྔ༌། དགོན་པ་བཅུ་གཅིག བཙུན་དགོན་གཉིས་བཅས་ལ་ལས་འགུལ་གོ་སྒྲིག་ཞུས་པ་ཡིན།  དེའི་རིང་སེར་སྐྱ་མི་མང་དང༌། སློབ་ཕྲུག་གྲངས་ ༡༢༧༠༠ ལ་གློག་བརྙན་གཟིགས་འབུལ་དང༌། དཔར་རིས་ངོ་སྤྲོད། ཡིག་ཆ་འགྲེམས་སྤེལ་སོགས་བྱས་པ་ཡིན།
ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༢ ཉིན་བཟུང་ཉིན་གྲངས་ ༢༠ རིང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གཞིས་ཆགས་དང་དགོན་པ། སློབ་གྲྭ་ཁག་བཅས་ལ་ལས་འགུལ་གོ་སྒྲིག་ཞུས་པ་དང༌། སྐབས་དེ་དུས་བྷེལ་ཀོབ་དང་ཧུན་སུར་དུ་ྋགོང་ས་མཆོག་ཆིབས་བསྒྱུར་གནང་བ་དང་བསྟུན་ཟླ་ ༡ ཚེས་ ༡༡ ཉིན་སེར་ར་བླ་སྤྱིའི་མདུན་ཐང་དུ་སེར་སྐྱ་མི་མང་ ༨༥༠༠ ལྷག་ཙམ་ལ་དུས་གཅིག་ལ་གློག་བརྙན་གཟིགས་འབུལ་དང༌། པར་རིས་ངོ་སྤྲོད་བྱས་པ་ཡིན།  ཚེས་ ༡༢ ཉིན་ྋགོང་ས་མཆོག་གི་ཚེ་དབང་གནང་བ་སྟབས་བསྟུན་ཏེ་སེར་སྐྱ་མི་མང་དང༌། སློབ་ཕྲུུག་སོགས་མི་གྲངས་ ༡༣༠༠༠ ལ་འབྲེལ་ཡོད་ཡིག་ཆ་འགྲེམས་སྤེལ་བྱས་པ་ཡིན། བྷེལ་ཀོབ་ཁུལ་དུ་ས་གནས་འགོ་འཛིན་ལས་ཁང་ཀྱི་རོགས་རམ་འོག་དགོན་པ་དང་སློབ་གྲྭ། གཞིས་ཆགས་བཅས་ཚང་མར་ཡིག་ཆ་འགྲེམས་སྤེལ་སོགས་གང་ལེགས་བྱུང་བ་དང༌། དེ་བཞིན་ཧུན་སུར་དང་ཀོ་ལི་གྷར་གཞིས་ཆགས་སུ་ལས་འགུལ་སྤེལ་ཏེ་ཡིག་ཆ་འགྲེམས་སྤེལ་སོགས་བྱས་པ་ཡིན། ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༢༡ ཉིན་མོན་གྷོར་འབྲས་སྤུངས་བླ་སྤྱིའི་མདུན་ཐང་དུ་ལས་འགུལ་གོ་སྒྲིག་ཞུས་ཏེ་གློག་བརྙན་གཟིག་འབུལ་དང༌། དཔར་རིས་ངོ་སྤྲོད། ཡིག་ཆ་འགྲེམས་སྤེལ་སོགས་བྱས་ཤིང༌། སྐབས་དེ་དུས་སེར་སྐྱ་མི་མང་ ༣༠༠༠ ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་རེད། དེ་བཞིན་མོན་གྷོ་དུ་ཡོད་པའི་དགོན་པ་དང༌། སློབ་གྲྭ། གཞིས་ཆགས་སོགས་སུ་ཡིག་ཆ་འགྲེམས་སྤེལ་སོགས་གང་ལེགས་བྱས་ཡིན།
ཕྱི་ལོ་ ༢༠༠༧ ཟླ་ ༣ ཚེས་ ༧ ནས་ ༡༤ བར་དྷ་ས་རུ་ྋགོང་ས་མཆོག་གི་གསུང་ཆོས་གནང་རིང་ལས་འགུལ་གོ་སྒྲིག་དང་འབྲེལ་སེར་སྐྱ་མི་མང་སྟོང་ཕྲག་འགའ་ཤས་ལ་འབྲེལ་ཡོད་ཡིག་ཆ་འགྲེམས་སྤེལ་བྱས་ཡིན།
ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས ༢ ཉིན་སངས་རྒྱས་ཀྱི་འཁྲུངས་སྐར་ཉིན་ནང་པ་མི་གྲངས་ཁྲི་གཉིས་ལྷག་བལ་ཡུལ་མཆོད་རྟེན་སྐོར་ལམ་དུ་འདུ་འཛོམས་བྱུང་ཡོད་པས། དེ་ཉིན་ལས་འགུལ་གོ་སྒྲིག་གི་ཡིག་ཆ་ ༥༥༠༠ ལྷག་ཙམ་འགྲེམས་སྤེལ་བྱས་ཤིང༌། བལ་ཡུལ་རྒྱལ་སར་གནས་སྡོད་བོད་མིའི་སྡོད་གནས་གཞན་གྱི་གཞིས་ཆགས་དང༌། སློབ་གྲྭ། སྣེ་ལེན་ཁང༌། དགོན་པ་སོགས་སུ་ཡིག་ཆ་འགྲེམས་སྤེལ་བྱས་ཤིང༌། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཆེར་བྱས་པ་ཡིན།
ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༥ ནས་ ༢༤ བར་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་པའི་གཞིས་ཆགས་དང༌། སློབ་གྲྭ། དགོན་པ་སོགས་སུ་གློག་བརྙན་གཟིགས་འབུལ་དང་ཡིག་ཆ་འགྲེམས་སྤེལ་སོགས་ཀྱི་ལས་འགུལ་གོ་སྒྲིག་ཞུས་པ་དང༌། སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་མི་གྲངས་ ༢༦༠༠ ཙམ་ལ་གོ་རྟོགས་ལས་འགུལ་སྤེལ་ཐུབ་པ་བྱུང༌།
ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་༡༦ ནས་ ༢༢ བར་ལ་དྭགས་ཁུལ་གྱི་བོད་མིའི་གཞིས་ཆགས་དང༌། སློབ་གྲྭ་ཁག་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་གོ་སྒྲིག་ཞུས་ཏེ་གློ་བརྙན་དང་དཔར་རིས་ངོ་སྤྲོད་ཐེངས་གསུམ་ཙམ་བྱས་པ་དང༌། འབྲེལ་ཡོད་ཡིག་ཆ་ ༤༠༠༠ ལྷག་ཙམ་འགྲེམས་སྤེལ་ཞུས་པ་ཡིན།
ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༥ ནས་ཚེས་ ༢༣ བར་ཨོ་རི་ས་དང་མན་སྤལ་གཞིས་ཆགས་གཉིས་ལ་ལས་འགུལ་གོ་སྒྲིག་ཞུས་ཏེ་ཡིག་ཆ་ ༢༠༠༠ ལྷག་ཙམ་འགྲེམས་སྤེལ་དང་འབྲེལ་གོ་རྟོགས་ལས་འགུལ་སྤེལ་བ་ཡིན། མདོར་ན་སྔ་ཕྱིར་གཞིས་བྱེས་བོད་མི་སྤྱི་དང་ཧི་མ་ལ་ཡའི་མི་རིགས་སོགས་ཁྱོན་མི་གྲངས་འབུམ་གཅིག་ལྷག་ཙམ་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་སྤེལ་ཐུབ་པ་བྱུང་བས་རང་ཉིད་ལ་བརྗོད་མི་ཤེས་པའི་དགའ་སྤོབས་དང་འབྲེལ་ད་ཕན་གྱི་ལས་བསྡོམས་མདོར་བསྡུས་ངོ་སྤྲོད་བྱས་པའོ།།

 

 

 

ཐེངས་ 42158 བཀླགས་འདུག