Donate

ཁོར་ཡུག་སྲུང་སྐྱོབ་བྱས་རྐྱེན་བོད་རིགས་ལས་བྱེད་ཕྱིར་འཕུད།

རྒྱ་ནག་གཞུང་གིས་ཡུལ་ཤུལ་རྫ་སྟོད་རྫོང་ཁོངས་ཀྱི་གཏེར་ཁ་སྔོག་འདོན་ལ་རྐྱེན་བྱས་ཏེ། ས་གནས་ཀྱི་བོད་མི་ལས་བྱེད་ཁག་ཅིག་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་འདུག

ཕ་ཡུལ་རྫ་སྟོད་ནས་ཡིན་པའི་དཀོན་མཆོག་དོན་འགྲུབ་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༣ ཟླ་ ༨ པ་ཚེས་ ༡༧ ཉིན་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་ཡུལ་ཚོ་དང་། རྫ་ཆེན་ཡུལ་ཚོ། སྤྱི་རྫ་ཡུལ་ཚོ་བཅས་ཀྱི་བོད་མི་སྟོང་ཕྲག་བརྒལ་བས་རྒྱ་གཞུང་གིས་ས་གནས་སུ་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་ངོ་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གིས་དམག་མི་དང་ཉེན་རྟོག་པ་མང་པོ་མངགས་གཏོང་གིས་མི་མང་ཁྲོད་དུག་རླངས་གཏོར་བ་དང་། དྲག་གནོན་བྱས་ཏེ་བོད་མི་མང་པོར་རྨས་སྐྱོན། མི་མང་པོ་ཞིག་འཇུ་བཟུང་གིས་གར་ཡོད་མ་ཤེས་པར་ལྷག་ཡོད་པ་མ་ཟད། ཕྱི་ཟླ་ ༩ ཚེས་ ༡༦ ཉིན་རྒྱ་ནག་གཞུང་གིས་རྫ་སྟོད་རྫོང་ཐོག་ཏུ་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཏེ། ས་གནས་སུ་ཆེད་དུ་བསྐོ་བཞག་དང་མི་མང་གིས་འོས་འདེམས་བྱས་པའི་ཨག་སྟོད་ཡུལ་ཚོའི་ཁེ་ཚ་བསོད་སྟོབས་དང་། རྫ་སྟོད་ཡུལ་ཚོའི་ཨ་ཞང་རྒྱལ་མཚན། ཁྲོམ་བུ་བུ་གྲགས་གསུམ་དེང་ཕྱིན་རྒྱལ་ཁབ་ཀྱི་ལས་ཀ་བྱེད་མི་ཆོག་ཚུལ་བཤད་དེ་ཕྱིར་འཕུད་བཏང་ཡོད་འདུག
 
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་གཞུང་གིས་མི་མང་གིས་བདམས་པའི་མགོ་ཁྲིད་དེ་དག་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་དང་། རྒྱལ་ཁབ་དང་མི་མང་དབར་ཁ་བྲལ་གཏོང་མཁན་ཡིན་པའི་ཉེས་འཛུགས་འོག་ཕྱིར་ཕུད་བཏང་སྟབས། རྫ་ཆེན་ཡུལ་ཚོའི་མགོ་ཁྲིད་ཁག་ཅིག་གིས་ཀྱང་རྒྱ་གཞུང་གིས་ཁོང་གསུམ་ཕྱིར་ཕུད་བཏང་བར་རྐྱེན་བྱས་ཏེ་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་དང་། ད་དུང་གྲོང་ཚོ་གཞན་གྱི་མགོ་ཁྲིད་ཚོས་ཀྱང་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་འདུག
 
ཉེ་ཆར་ས་གནས་མི་མང་གིས་ངོ་རྒོལ་བྱས་རྗེས་གནས་སྐབས་རིང་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱས་ཡོད་ཀྱང་། ཉིན་ཤས་གོང་ནས་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་འདུག་ལ། ད་ཆར་ས་གནས་སྔར་བཞིན་དམ་དྲག་བྱས་ཏེ་ལོ་ལྟར་ས་གནས་སུ་ཚོགས་བཞིན་པའི་༼བདེ་ཆེན་ཞིང་སྒྲུབ་ཆེན་མོ༽ ཞེས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་བྱས་ཡོད་པ་མ་ཟད། མི་མང་འདུ་འཛོམས་སོགས་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་འདུག
ཡོང་ཁུངས་བོད་ཀྱི་དུས་བབ། 

ཐེངས་ 42136 བཀླགས་འདུག