Donate

ཁོར་ཡུག་སྲུང་སྐྱོབས་བྱེད་པ་རང་དོན་ཡིན།


ནགས་ཚང་ནུས་བློ། ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༡༧ ཉིན། ཁམས་པའི་དྲ་བ་ལས་དྲངས།
གཤམ་དུ་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་བཞག་ཡོད་པ་ནི། དཀར་མཛེས་རྫོང་རོང་པ་ཚྭ་ཡི་ཁོངས་སུ་ཡོད་པའི་ལྕག་དཀར་ཚྭ་ཆུ་རེད། སྔོན་ནས་ད་བར་ཚྭ་ཆུ་འདི་ནི་ས་ཕྱོགས་དེའི་དམངས་ཡོངས་ལ་དབང་བ་ཡིན་ལ། ཚྭ་ཆུ་ཡོད་གནས་ཀྱི་རི་ཐང་ཆུ་གསུམ་གྱི་ཁོར་ཡིག་སྲུང་སྐྱོང་བྱས་པ་ཧ་ཅང་བཟང་། ཁོར་ཡུག་གཙང་མ། ས་གཙང་མ། ཆུ་གཙང་མ། ཉིན་རེ་བཞིན་སེར་སྐྱ་ཕོ་མོ་བཅུ་ཕྲག་མང་པོས་ཚྭ་ནང་ཉལ་བ་དང་། ལུས་ཕུང་གཙང་ཁྲུས་བྱེད་བཞིན་ཡོད། མཛེས་ལྗོངས་དྭངས་གཙང་འདི་འདྲ་ཞིག་ད་བར་ཡག་པོ་བྱས་ཏེ་གནས་ཐུབ་པ་ནི་ས་ཕྱོགས་འདིའི་དགོན་སྡེ་གྲོང་གསུམ་ཁྱིམ་ཚང་སྟོང་ཕྲག་ཙམ་ཡོད་པའི་བླ་དཔོན་དམངས་གསུམ་ ཁ་ཞེ་མཐུན་པའི་ངང་ནས་རང་སའི་མཛེས་ལྗོངས་དང་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་པའི་ཕན་འབྲས་རེད།
ང་ཚོའི་བོད་གངས་ཅན་གྱི་ས་ཕྱོགས་ཀུན་ཏུ་བརྗིད་ངམ་ཆེ་བའི་ཡུལ་ལྷ་གཞི་བདག་དང་། མཛེས་སྡུག་ལྡན་པའི་ལྷ་མཚོ་ཀླུ་ཆུ། སྣ་མང་འཛོམས་པའི་ནགས་ཤིང་ཤུག་གསུམ། དྭངས་གཙང་གི་གངས་རི་དང་ཆུ་འགོ། ཡངས་ཞིང་རྒྱ་ཆེ་བའི་རྩྭ་ཐང་། མདོར་ན། རང་བྱུང་ཁམས་ཀྱི་མཛེས་ལྗོངས་མང་བ། འཛམ་གླིང་ས་ཡི་གཙུག་རྒྱན། འཇིག་རྟེན་མི་ཡི་གཡང་ས། གཏེར་སྣ་བརྒྱ་ཡི་སྤས་གནས། ཆུ་འགོ་སྟོང་གི་འབྱུང་ཁུངས། སྲོག་ཆགས་ཁྲི་ཡི་འཚོ་གནས། གངས་ལྗོངས་ཀྱི་མཛེས་ལྗོངས་ཁྱད་པར་ཅན་འདི་ཚོར་བཤད་པའི་གཏམ་ནི་མཚམས་ཞིག་དང་ བསྟོད་པའི་ཚིག་ལ་མཐའ་ཞིག་ཆེ་ཡོད། འོན་ཀྱང་། དེ་རིང་ཁ་སང་མདོ་ཁམས་སྟོད་སྨད་བར་གསུམ་གང་དུ་སོང་ཀྱང་། བོད་ཡུལ་ཀྱི་མཛེས་ལྗོངས་འདི་དག་ལ་ཆག་རྒུད་ཚབས་ཆེན་ཐེབས་དང་ཐེབས་བཞིན་པའི་རྣམ་པ་མཐོང་ན་སེམས་ཕམ་པ་ཞིག་དང་། དྲན་ན་ཡིད་སྐྱོ་བ་མང་ཙམ་མཐོང་ཐོས་བྱུང་བས་ད་ནི་བཤད་བསམ་ཀྱང་གཏམ་བཟང་ཞིག་ནི་ མི་འཁོར་ཞིང་། བསྟོད་འདོད་ཀྱང་ཚིག་བཟང་ཡིད་ལ་མི་འཆར་གི ཟས་ཀྱི་ཕོ་བ་རྒྱགས་ཀྱང་ལྟོགས་སྣང་ཞིག་དང་། གོས་ཀྱི་རྒྱབ་དྲོས་ན་འཁྱག་སྣང་ཞིག བདེ་སྐྱིད་ལྡན་ཟེར་ན་སེམས་སུ་སྡུག་སྣང་ཞིག་འཆར་འདུག
ས་ཕྱོགས་མང་ཙམ་ནས་རི་སྐྱེས་སྲོག་ཆགས་ཕར་ཆེར་བསད་ཚར་ནས་ལྷག་མེད་ལ། ས་སྐྱ་མོ་སྟོང་བ་འདྲ་ཞིག་རེད་འདུག རི་སྐྱེས་ནགས་སྡོང་ཤུག་གསུམ་སོགས་སྐྱེ་དངོས་ཕར་ཆེར་བཅད་ཚར་འདུག་ལ་རི་ལུང་ ཁོག་གསུམ་སྡོང་རྩ་སྐྱ་ཐར་རེ་བྱས་འདུག ས་འོག་གི་གསོར་དངུལ་ཟངས་གསུམ་སོགས་ཀྱི་གཏེར་རྫས་ཧམ་བསློགས་བྱས་ཏེ་ཉིན་རེ་ བཞིན་མེ་འཁོར་བརྒྱ་ཚོ་དང་རླངས་འཁོར་སྟོང་ཕྲག་མང་བོས་རྐུ་འཁྱེར་བྱེད་འདུག་ད་ ནི་འདིའི་རྒྱུ་སྨྱོན་ཁུར་སོང་བའི་ཕོངས་འདྲེ་འདི་སོ་ཁ་ཐ་གི་ཞིག་ཆོད། འདི་འདྲ་ཡིན་ན་ང་ཚོའི་བོད་ཡུལ་འདི་ན་ད་མི་རབས་རྗེས་མ་རྣམས་ལ་འཚོ་གནས་དང་ འཚོ་བྱེད་ཀྱི་ཐོན་ཁུངས་ཅི་ཞིག་ལྷག་ཡོད།
རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་ཅི་ཙམ་བསྒྲགས་ཀྱང་། ཁྲིམས་མེད་ཁྲེལ་མེད་འདི་ཚོས་རི་མཐོ་གསུམ་མགོ་ཡི་ནགས་ཤུག་སྡོང་གསུམ་བཅད། བར་ལུང་གསུམ་ཁོག་གི་ར་འབུ་རི་དྭགས་བསད། ཐང་བདེ་གསུམ་འོག་གི་གཏེར་གསུམ་བསློགས་ཆུ་དྭངས་གསུམ་རྙོག་སྟེ་ས་རྡོ་བྱེ་ གསུམ་བླངས། བོད་ས་མཐོང་བ་ཀུན་སྨོན་གྱི་ཡུལ་ལྷ་གཞི་བདག་ཀུན་ལ་ཕོག་ཐུག་བཏང་། གངས་ལྗོངས་གསེར་ས་གྲུ་བཞི་འདིའི་ས་ཡི་སྙིང་བཅུད་གཏོར་དབང་ཐང་བསོད་ནམས་ བརླགས། ཡུལ་རྒྱལ་ཁབས་ཀུན་དུ་བགག་ཆག་སྒོ་འབྱུང་བའི་ངན་གཞི་བཞག་ལྟས་ངན་འདི་ཚོས་སེམས་ ལ་མ་དྲན་པ་མ་གཏོགས་ལག་གིས་མ་ལས་པ་ཅི་ཡོད། དེ་རིང་ཁར་སང་རི་མཐོ་གསུམ་མགོ་ཡི་གངས་ཞུ་བས་ཆུ་མགོ་བརྒྱ་སྟོང་མང་བོ་སྐམ་པར་ གྱུར་ལ། མཐའ་ན་རྨ་འབྲི་རྫ་གསུམ་གྱི་ཆུ་བོ་རྒྱུགས་འཚམས་ཆད་པའི་ས་འཚམས་ལ་ཐོན་འདུག་པས་ ས་ཆ་མང་བོ་ཞིག་གི་རི་ཐང་ཀུན་གྱི་ས་སྐམ་གྱོང་སྟེ་རྩ་རྩི་ཤིང་ཡར་སྐྱེ་མེད་པར་ རྩྭ་ཐང་བྱེ་ཐང་གྱུར་ཏེ་ས་ཕྱོགས་དེར་འཚོ་ཐབས་མེད་པར་གྱུར་ཡོད་པ་སོགས་ཀུན་ གྱི་མཐོང་མེད་ན་གོ་མྱོང་ཚོད་རེད།།
ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་མི་ཤི་རྟ་འགྱེར་དང་རྒྱུ་གྱོང་གི་ཆགས་རྒུད་ཚབ་ ཆེན་བྱུང་མྱོང་བ་ཀུན་གྱི་ཤེས་གསལ་རེད། འོན་ཀྱང་མི་རིགས་འདི་རྩ་མེད་མ་བཏང་ན་མི་ཕྱུགས་སོགས་ལོ་བཅུ་ཁ་འཚམས་ནས་འཕེལ་ རྒྱུ་ཡོད་པའི་དེ་ནི་གནས་སྐབས་ཀྱི་ཆགས་རྒུད་ཆུང་ཙམ་རེད་བསམ་འདུག། འོན་ཀྱང་། བོད་ལྗོངས་མཐོ་སྒང་གི་ནགས་ཤིང་བཅད་ཚར་ན་ལོ་བརྒྱ་ཚོ་རིང་ལ་སླར་སྐྱེ་མེད་པ་ དང་། ས་འོག་གི་གསེར་དངུལ་ཟངས་གསུམ་སོགས་གཏེར་རྫེས་སོགས་བསློགས་ཁྱེར་བརླགས་བཅོམ་ བྱས་ཚར་ན་ལོ་ངོ་སྟོང་གི་རིང་ལ་སླར་གསོ་མེད་པ་ཡིན་པས་དེ་རིང་ཁར་སང་ཁོར་ཡུག་ གཏོར་བརླག་དང་ཆགས་རྒུད་འགྲོ་བཞིན་པ་ནི་མི་རིགས་ཞིག་གི་གཞི་རྩའི་འཚོ་གནས་དང་ འཚོ་བྱེད་ཀྱི་ཐོན་ཁུངས་སོགས་རྩ་བ་ནས་བརླགས་བཞིན་པའི་ཡིན་རིང་གི་ཆགས་རྒུད་ ཆེན་པོ་ཞིག་ཡིན་པར་འདོད། གོང་གསལ་ཀྱི་རང་རིགས་བརླག་པའི་ཆགས་རྒུད་འདི་དག་མཐོང་བཞིན་པའི་བོད་མི་ལ་རྒྱ་ ཅན ཞིག་ཡིན་ན། ད་ནི་རང་ལ་སྟོ་གོས་འཛོམས་པ་ཙམ་གྱི་སེམས་ལྷོད་དེ་འདུག་ཚོད་ཞིག་ཅི་ལ་ཡིན། ང་ཚོས་ངེས་པར་དུ་རྒྱལ་གཞུང་གི་ཁོར་ཡུག་སྲུང་སྐྱོབས་སྐོར་ཀྱི་སྲིད་ཁྲིམས་དང་ མ་དངུལ་སོགས་མངོ་སྤྱོད་བཟང་བོ་བྱས་ཏེ་རང་ས་རང་ཡུལ་ཀྱི་ཁོར་ཡུག་སྲུང་སྐྱོབས་ བྱེད་པར་མཐོང་ཆེན་བྱེད་དགོས་པ་རེད།
བོད་ཡུལ་གྱི་རང་བྱང་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབས་ཐུབ་དང་མི་ཐུབ་འདི་ ནི་ང་ཚོའི་བོད་མི་རིགས་ཀྱི་མི་རབས་རྗེས་མ་ཤི་གསོན་གྱི་གནད་འགག་ལ་ཐུག་ཡོད་ པར་མ་ཟད། ཀྲུང་གོ་རྒྱལ་ཁབ་ཡོངས་དང་མཐའ་ན་འཛམ་གླིང་གི་འཚོ་གནས་བདེ་སྡུག་ལ་ཕན་གནོད་ ཆེན་པོ་ཡོད་པའི་དོན་ཆེན་ཞིག་ཡིན། དེ་བས། ང་ཚོའི་རང་ས་རང་སྡེའི་བླ་གྲྭ་དཔོན་གསུམ་མགོ་ཁྲིད་མང་ཚོགས་ཀུན་གྱིས་གཅིག་ནས་ རང་སའི་ཁོར་ཡུག་ནི་རང་རིགས་རང་རྒྱུད་ཕ་ཚེ་བུ་རྒྱུད་འཚོ་གནས་ཀྱི་རྟོན་གཞི་ ཡིན་པས་འདི་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེར་རང་བཞིན་ངོས་ཟིན་དགོས་ལ་ཁོར་ ཡུག་སྲུང་སྐྱོབས་བྱེད་པ་ནི་རང་དོན་ཡིན་པ། རང་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་དོན་ཡིན་པ་ཤིས་དགོས་པ་རེད། གཉིས་ནས་རྒྱལ་གཞུང་གི་ཁོར་ཡུག་སྲུང་སྐྱོབས་སྐོར་གྱི་བཀའ་བཅའ་ཁྲིམས་ཀྱིས་རང་ སྲུང་གི་དག་ཆས་བྱས་ཏེ་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཁྲིམས་མཐུན་གྱིས་ རང་ས་རང་སྡེའི་ཁོར་ཡུག་སྐྱེ་དངོས་གཏེར་གསུམ་ལ་སྲུང་སྐྱོབས་བྱེད་རྒྱུ་གསུམ་ ནས་རང་སའི་དཔོན་ངན་དང་ཀླད་མེད་ཉུང་ཤས་ཀྱི་ཕྱི་མི་དང་ངན་འབྲེལ་བྱས་ཏེ་གཏེར་ ཁུངས་ཧམ་བསློགས་དང་སྐྱེ་དངོས་རྐུ་བཅོམ་བྱེད་པ། ཐོན་ཁུངས་དང་ཐོན་རྫེས་སྒེར་ཀྱི་ཧམ་གཉེར་བྱས་ཏེ་ཅི་བསམ་གང་འདོད་ཀྱིས་ས་རྐོ་ རྡོ་བསློགས་བྱེ་མ་ལེན་པ་སོགས་ཁོར་ཡུག་གཏོར་བརླགས་བྱེད་པའི་སྤྱོད་ངན་སོགས་ལ་ ངོ་རྒོལ་དང་། རང་ལ་ནས་ངན་ཤུགས་ཆེ་བ་རྣམས་ཁྲིམས་མཐུན་གྱི་གོང་རིམ་ལ་ཞུ་གཏུག་བྱེད་དགོས་པ་ བཅས་ཡིན། གནས་ལུག་ཡོད་ན་རྒྱལ་གཞུང་གི་མཐོང་ཆེན་དང་སྐྱོད་ངན་འདི་དག་བཀག་འགོག་བྱེད་ རྒྱུ་རེད། རྒྱལ་གཞུང་གི་ཁོར་ཡུག་སྲུང་སྐྱོབས་དགོས་ཟེར་བ་ཁ་ཙམ་གྱི་རྫུན་གཏམ་ཅུང་ཡིན་ རྒྱུ་མ་རེད་བསམ་འདུག
ད་སྐབས་ང་ཚོའི་བོད་ཡུལ་དུ་རང་ས་རང་སྡེའི་རང་བྱུང་ཁོར་ཡུག་སྲུང་སྐྱོབས་བྱས་ པ་ཅུང་བཟང་བའི་ས་ཆ་ཡང་མི་ཉུང་བ་ཡོད། དེ་ནི་ས་དེའི་དགོན་སྡེ་གྲོང་གསུམ་གྱི་བླ་དཔོན་རམངས་གསུམ་ཁ་ཞེ་མཐུན་ཞིང་རང་ ས་རིན་ཆེན་སྲུང་སྐྱོབས་བྱེད་པའི་འདུ་ཤེས་ཧ་ཅང་བཟང་བོ་ཡོད་པའི་དྲིན་རེད། དེ་ནི་ཁོང་རྣམས་ཀྱི་ང་ཚོའི་མི་རིགས་འདིའི་ད་ལྡའི་འཚོ་གནས་ལ་བསམ་བློ་གཏོང་ གི་ཡོད་པར་མ་ཟད། ང་ཚོའི་བོད་མི་རིགས་འདིའི་མི་རབས་རྗེས་མའི་འཚོ་གནས་དང་དར་རྒུད་སོགས་ལ་བསམ་ བློ་གཏོང་གི་ཡོད་པའི་དྲིན་རེད། ས་ཆ་འདི་ཚོའི་དགོན་སྡེ་གྲོང་གསུམ་དང་ཁོང་རྣམས་ནི་ང་ཚོའི་བོད་མི་ཡོངས་ཀྱི་ དམིགས་དཔེ་རེད་ཅེས་བཤད་ཆོག་པ་རེད་བསམ་འདུག

ཐེངས་ 42244 བཀླགས་འདུག