Donate

ཁྱིམ་མཚེས་ཚོར་བོད་ཀྱི་ཁོར་ཡུག་ལ་དོ་སྣང་བྱེད་རྒྱུའི་འོས་བབས་ཡོད།

ཁྱིམ་མཚེས་ཚོར་བོད་ཀྱི་ཁོར་ཡུག་ལ་དོ་སྣང་བྱེད་རྒྱུའི་འོས་བབས་ཡོད།

ཀརྨ་པ་མཆོག་གིས་རྩྭ་ཐང་ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་སྐབས་བོད་ཀྱི་ཁོར་ཡུག་ཐོག་ཁྱིམ་མཚེས་རྒྱལ་ཁབ་ཚོས་དོ་སྣང་བྱེད་རྒྱུ་དང་སྐད་ཆ་བཤད་རྒྱུའི་འོས་བབས་ཡོད་པ་གསུངས་འདུག
དེ་ཡང་འདི་ཚེས་ ༡༤ ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་བསྒྲིགས་འོག་རྡ་སའི་བོད་ཀྱི་འགྲེམས་སྟོན་ཁང་དུ། རྩྭ་ཐང་ཞེས་པའི་པར་རིས་འགྲེམས་སྟོན་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། སོ་སོའི་གཅེས་པར་འོས་པའི་ཕ་ཡུལ་དེ་བོད་མི་རང་ཉིད་ཀྱི་སྲུང་སྐྱོབ་བྱ་དགོས་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་བོད་པ་རང་གིས་འགོ་ཁྲིད་དགོས་ཀྱི་ཡོད་སྟབས་བོད་པ་ནང་ཁུལ་ཁོར་ཡུག་སྐོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། དེ་འབྲེལ་བོད་ཀྱི་ཁོར་ཡུག་ཐོག་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་དོ་སྣང་བྱེད་རྒྱུ་དང་སྐད་ཆ་བཤད་རྒྱུའི་འོས་བབས་ཡོད་པ་གསུངས་འདུག
ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། བོད་ཀྱི་འགྲེམས་སྟོན་ཁང་གི་ངོ་བོ་དང་དམིགས་ཡུལ་ངོ་སྤྲོད་གནང་ཡོད་པ་དང་། རྩྭ་ཐང་ཞེས་པའི་དུས་ཐུང་འགྲེམས་སྟོན་བཀོད་བསྒྲིགས་གནང་མཁན་པར་པ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་འགྲེམས་སྟོན་གྱི་བརྗོད་གཞིའི་སྐོར་ངོ་སྤྲོད་གནང་རྗེས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་བཤད་གནང་འདུག་ལ་བོད་ཀྱི་འགྲེམས་སྟོན་ཁང་གི་དོ་དམ་པ་ལྷ་མོ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་འདུག
གོང་ཞུས་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་གྱི་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ། ཕྱི་ནང་གི་གསར་འགོད་པ། དེ་བཞིན་རང་རིགས་དང་། ཕྱི་གླིང་གི་སྐུ་མགྲོན་སོགས་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42355 བཀླགས་འདུག