Donate

གང་བྱུང་གཏེར་ཁ་སྔོག་རྩིས་ལ་བོད་མིས་འདོད་པ་མེད་པའི་ཞུ་འབོད།

རྔ་བ་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོ་ནས་གཏེར་ཁ་སྔོག་འདོན་བྱེད་རྩིས་བྱེད་བཞིན་པ་གནས་མང་ཚོགས་ཀྱིས་འགོག་ཐབས་བྱེད་བཞིན་པ་རེད།Ngapa of Tibet  དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གི་གཏེར་འདོན་ཚན་པས་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་ནང་གཏེར་ཁ་སྔོག་འདོན་བྱེད་རྩིས་ཀྱི་བྱ་སྤྱོད་ལ་ས་གནས་མང་ཚོགས་ནས་འགོག་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་༢༠༡༥ལོའི་ཕྱི་ཟླ་༨ པའི་ཚེས་༡༠རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱེད་མཁན་ཚན་པའི་རྒྱ་རིགས་ལས་མི་ཁག་ཅིག་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོར་སླེབས་ཏེ་། ས་གནས་དེའི་གནས་རི་གངས་ཆེན་ཨ་མྱེས་བྲག་རྫོང་ནས་གཏེར་ཁ་སྔོག་འདོན་བྱ་རྒྱུར་དམིགས་ཏེ་ལས་གྲྭ་འགོ་འཛུགས་རྩིས་བྱས་པ་ས་གནས་མང་ཚོགས་ནས་གནས་ཚུལ་དེ་ཤེས་རྟོགས་བྱུང་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དང་ལྷག་པར་དུ་གནས་རི་གངས་ཆེན་ནས་གཏེར་ཁ་སྔོག་འདོན་བྱ་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ནས་ལས་གཞི་དེ་འགོག་ཐབས་བྱས་ཡོད་ལུགས་ངོ་སྤྲོད་བྱས་ཡོད་པ་རེད།
ད་དུང་ས་གནས་ནས་བོད་མི་ཞིག་གིས། བོད་མི་ཚོས་གནས་རི་གངས་ཆེན་ཨ་མྱེས་བྲག་རྫོང་ནས་གཏེར་ཁ་སྔོག་འདོན་བྱེད་རྒྱུར་འདོད་པ་རྩ་བ་ནས་མི་བྱེད་པ་དང་། དེའི་རྒྱུ་མཚན་ནི། གནས་རི་དེའི་ཐོག་ལ་ས་བརྐོ་རྡོ་སློག་བྱས་པ་ཡིན་ཚེ། ཡུལ་ལ་ནད་ཡམས་དང་ལོ་ཉེས་། ཐན་པ་སོགས་རང་བྱུང་གི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་པ་ཡིད་ཆེས་བྱེད་པ་དང་། ལྷག་པར་དུ་གནས་རི་དེ་ནི་ས་གནས་མང་ཚོགས་ཀྱིས་ཆོས་དད་བྱེད་ཡུལ་རྩ་ཆེར་རྩིས་ཡུལ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
དེར་བརྟེན་ཟླ་བ་འདིའི་ཕྱི་ཚེས་༡༠ཉིན་དེར་བསྟུད་མར་ས་གནས་བོད་མི་ཚོས་རྒྱ་མི་གཏེར་འདོན་པ་ཚོར་ལས་གྲྭ་འགོ་འཛུགས་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ་གཏེར་ཁ་སྔོག་འདོན་བྱེད་མི་ཆོག་པའི་ཞུ་འབོད་བྱས་ཡོད་པ་རེད། འོན་ཀྱང་འབྲེལ་ཡོད་ལས་བྱེད་པས་མི་དམངས་ཀྱི་ཞུ་འབོད་ལ་བདག་སྤྲོད་མ་བྱས་པའི་ཁར་བཙན་ཤེད་བྱེད་ཐབས་བྱས་པ་མ་ཟད་། འཇིགས་སྐུལ་སོགས་བྱེད་བཞིན་དུ་ཁོང་ཚོར་གཏེར་ཁ་སྔོག་འདོན་བྱེད་ཆོག་པའི་གོང་རིམ་གྱི་བཀའ་ཁྲོལ་ཡོད་ཚུལ་ས་གནས་བོད་མི་ཚོར་བསྟན་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་གང་མགྱོགས་འགོ་འཛུགས་རྒྱུ་ཡིན་པ་བཤད་ཡོད་པ་རེད།
སྤྱིར་བོད་ཀྱི་ས་ཁུལ་མང་པོ་ནས་རྒྱ་ནག་གི་གཏེར་འདོན་ཚན་པ་ཁག་གིས་ས་གནས་བོད་མིར་འདོད་པ་ཡོད་མིན་ལ་མ་བལྟོས་བར་གཏེར་ཁ་སྔོག་རྐྱེན་དཀའ་ངལ་འདྲ་མིན་སྤྲོད་བཞིན་པ་དང་། ས་གནས་བོད་མི་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པའི་རང་བྱུང་ཁོར་ཡུག་དང་། སྐྱེས་ཁམས་ལ་སྲུང་སྐྱོབ་ཆེད། ཞི་བའི་ངང་བཀག་འགོག་བྱེད་ཐབས་བྱས་ཀྱང་རྒྱ་ནག་གིས་དེ་ལས་ལྡོག་ཏེ་དྲག་གནོན་དང་འཇིགས་སྐུལ་བྱས་བའི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་རེད།
གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42306 བཀླགས་འདུག