Donate

གང་རུད་བརྒྱབ་ནས་རེ་འཛེགས་སྣེ་ཤན་ཤར་པ་ ༡༣ འདས་གྲོངས་ཕྱིན་པ།

གང་རུད་བརྒྱབ་ནས་རེ་འཛེགས་སྣེ་ཤན་ཤར་པ་ ༡༣ འདས་གྲོངས་ཕྱིན་པ།

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༨ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༦ དང་སྐར་མ་ ༤༥ ཙམ་ལ་བོད་ཀྱི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་རྨིད་ ༦༤༠༠ ཙམ་གྱི་རི་ངོས་སུ་གློ་བུར་གངས་རུད་ཤུགས་ཆེ་བརྒྱབ་སྟེ། རྒྱུན་དུ་གངས་རི་འཛེགས་པར་སྣེ་ཤན་བྱེད་མཁན་ཤར་པ་ ༡༣ རྐྱེན་འདས་དང་། མི་ ༤ ག་བོར་བརླག་སོང་ཡོད་པས་མ་ཚད། དེ་དག་ནང་མི་ ༣ ལ་རྨས་སྐྱོན་ཕོག་ཡོད་སྟབས། བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཌུའི་སྨན་ཁང་ཞིག་གི་ནང་མྱུར་སྐྱོབ་བྱས་ཡོད་འདུག

བལ་པོའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཧན་ཀ་རི་ཞི་ནཱ་སཱ་ཀོ་ཊཱ་ (Mohan Krishna Sapkota) ཡིས་བྷི་བྷི་སི་གསར་ཁང་ལ། རྐྱེན་འདས་སུ་གྱུར་བའི་ཕུང་པོ་རྣམས་རི་འདབས་སུ་བསྐྱལ་ཡོད་པ་དང་། མུ་མཐུད་ཐད་འཕུར་གནམ་གྲུས་བོར་བརླག་ཏུ་གྱུར་བ་རྣམས་འཚོལ་བཞིན་ཡོད་ཀྱང་། ད་ལྟའི་ཆར་གཞུང་ངོས་ནས་འདས་པོ་དང་བོར་བརླག་ཏུ་གྱུར་བ་རྣམས་ཀྱི་མིང་སོགས་ཕྱིར་བསྒྲགས་བྱེད་ཀྱི་མེད་ལུགས་བརྗོད་འདུག

བལ་ཡུལ་གྱི་གངས་འཛེགས་སྣེ་ཤན་པ་མི་གྲངས་༡༦གངས་རུད་འོག་རྐྱེན་འདས་སུ་ཕྱིན་པའི་ནང་མི་དང་། ལས་རོགས་རྣམས་ཁོང་ཁྲོ་དང་སྡུག་བསྔལ་གྱིས་མནར་བ་ལས་གྲོལ་ཐབས་སུ། བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་རྒན་གྲས་ཁག་ཅིག་ཚེས་ ༢༤ ཉིན་གངས་རི་ཇོ་མོ་གླང་མའི་རི་གཤམ་དུ་ཕེབས་ཏེ་ཤར་པ་སྣེ་ཤན་པ་རྣམས་དང་གྲོས་མོལ་གནང་ཡོད་པ་དང་། ཤར་པ་སྣེ་ཤན་པ་ཚོས་རེས་གཟའ་པ་སངས་ཉིན་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་གུན་གསབ་ཆེ་ཙམ་དགོས་པ་དང་། དེ་བཞིན་ཤར་པ་སྣེ་ཤན་པ་རྣམས་ལ་ཐོབ་ཐང་ཆེ་ཙམ་དགོས་པའི་དགོས་འདུན་བཏོན་ཡོད་འདུག

ཁུལ་དེའི་རྫོང་ལས་ཁུངས་ཀྱི་ཉེན་རྟོག་སྤྱི་ཁྱབ་པ་Badri Bikram Thapaཞུ་བས་གཞུང་གི་དཔོན་རིགས་དང་། གངས་འཛེགས་སྣེ་ཤན་པ་ཤར་པ་རྣམ་པའི་བར་གྲོས་མོལ་འགོ་བཙུགས་ནས་ད་ལྟ་གྲོས་མོལ་གནང་བཞིན་ཡོད་འདུག

རི་འཛེགས་སྣེ་ཤན་པ་ཚོས་རི་འཛེགས་ལས་དོན་དང་འབྲེལ་བའི་ཤར་པ་སྣེ་ཤན་པ་ཚོའི་Life Insurance འམ་ཚེ་སྲོག་ཉེན་སྲུང་མ་འཇོག་གི་ཚད་གཞི་འཕར་དགོས་པ་དང་། རྗེས་ཤུལ་ནང་མི་ཚོ་ལ་གུན་གསབ་ཨ་སྒོར་༡༠༠༠༠རེ་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་བཞིན་པ་དང་། དེའི་ཐད་ཡང་རེས་གཟའ་མིག་མར་ཉིན་བལ་ཡུལ་གཞུང་གིས་ཤར་པ་སྣེ་ཤན་པ་རེ་རེར་ཚེ་སྲོག་ཉེན་སྲུང་གི་མ་འཇོག་བརྒྱ་ཆ་༥༠མཐོ་རུ་གཏོང་རྒྱུ་དང་། དེ་བཞིན་རྗེས་ཤུལ་ནང་མི་བུ་ཕྲུག་ཚོའི་ཆེད་ངལ་སེལ་རོགས་སྐྱོབ་མ་དངུལ་ཆེད་བཙུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

ད་ལྟ་ཇོ་མོ་གླང་མའི་འདབས་རོལ་དུ་ཡོད་པའི་རི་འཛེགས་ས་ཚུགས་ལ་ཤར་པ་མི་གྲངས་༤༠༠ཙམ་ཡོད་པ་དང་། སྐུ་ཞབས་Phil Cramptonཞུ་བའི་ཨ་རི་བ་རི་འཛེགས་ཁེ་ལས་ཀྱི་ལས་བྱེད་ཞིག་ནས་ཀྱང་ཤར་པ་སྣེ་ཤན་པ་ཚོའི་སྐུ་ཚབ་བྱས་སྟེ། བལ་ཡུལ་གཞུང་ལ་འབྲེལ་གཏུགས་གནང་བཞིན་ཡོད་འདུག

འདི་ལོ་བལ་ཡུལ་གཞུང་ལ་གངས་འཛེགས་རུ་ཁག་གི་ཁྲལ་གཅིག་པུའི་ཐོག་ནས་ཨ་སྒོར་ས་ཡ་༣ དང་ཕྱེད་ཀ་ལྷག་བྱུང་ཡོད་པ་དང་། བལ་ཡུལ་གཞུང་གིས་གངས་འཛེགས་རུ་ཁག་ ༣༢ ཡི་གངས་འཛེགས་པ་མི་གྲངས་ ༧༣༤ ལ་འདི་ལོ་གངས་རི་ཇོ་མོ་གླང་མར་འཛེགས་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད།

ཟླ་འདིའི་ཟླ་མཇུག་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༨༨༤༨ ཡོད་པའི་ཇོ་མོ་གླང་མར་གངས་འཛེགས་ཀྱི་ལས་མགོ་རྩོམ་རྒྱུ་ཡིན་པ་དང་། ཕྱི་ལོ་ ༡༩༥༣ ལོར་ནིའུ་ཛི་ལན་ཌིའི་རི་འཛེགས་པ་ཨེ་ཌི་མོན་ཌི་ཧི་ལཱ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཆེས་ཐོག་མར་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་ནས་ད་ལྟའི་བར་མི་གྲངས་ ༡༤༠༠ ལྷག་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་ཡོད་པ་དང་། ཉུང་མཐར་མི་གྲངས་ ༣༠༠༠ བརྒལ་བ་རྐྱེན་ལམ་དུ་ཤོར་ཡོད་འདུག

ཡོངས་ཁུངས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་བོད་ཀྱི་དུས་བབ་བཅས་ནས་བསྡུ་སྒྲིག་བྱས།

 

ཐེངས་ 42264 བཀླགས་འདུག