Donate

གངས་ཤུགས་ཆེན་བབས་ནས་སྒོ་ཕྱུགས་སྟོང་ཚོ་བརྒལ་བ་ཤི་འདུག

གཞིས་ཀ་རྩེ་ས་ཁུལ་དུ་གངས་ཤུགས་དྲག་པོ་བབས་པའི་རྐྱེན་གྱིས་སྒོ་ཟོག་སེམས་ཅན་བཞི་སྟོང་ལྷག་རྐྱེན་ལམ་དུ་སོང་འདུག
དེ་ཡང་སྤྱི་ཚེས་ ༡༣ ཉིན་རྒྱ་ནག་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཞིས་ཀ་རྩེ་ས་ཁུལ་དུ་ཉིན་གྲངས་བསྟུན་མར་གངས་ཤུགས་ཆེན་བབས་པའི་རྐྱེན་གྱིས། ནོར་དང་ལུག་བཅས་སྒོ་ཕྱུགས་སྟོང་ཚོ་བཞི་ལྷག་ཤི་ཟིན་ཡོད་ལུགས་བོད་རང་སྐྱོང་ལྗོངས་ས་གནས་གཞུང་གིས་གནས་ཚུལ་ར་སྤྲོད་བྱུང་བ་ལས། ད་ལྟའི་ཆར་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་མེད་གང་ཡང་ཁ་གསལ་འཁོད་མི་འདུག
གནས་ཚུལ་སྤེལ་བའི་ནང་། གངས་དྲག་པོ་བབས་ནས་གཞིས་ཀ་རྩེའི་ས་ཁུལ་མང་ཆེ་ཤོས་ནང་ཡར་མར་འགྲོ་བསྐྱོད་ཀྱི་ཐད་ལ་དོ་ཕོག་ཐེབས་སྲིད་པ་ཞིག་ཆགས་ཡོད། ཡིན་ནའང་གཉའ་ལམ་རྫོང་དང་། སྐྱིད་གྲོང་ཡུལ་ཚོ་བར་ཀྱི་ལམ་ཆེན་དེ་རེས་གཟའ་ཉི་མའི་ཉིན་གྱི་ཉིན་གུང་ནས་སྒོ་ཕྱེ་ཐུབ་ཡོད་ལུགས་ས་གནས་གཞུང་གིས་རེས་གཟའ་ཟླ་བའི་ཉིན་བརྗོད་ཡོད་པ་འཁོད་འདུག
དེ་མིན། གཞིས་ཀ་རྩེའི་ས་གནས་མང་ཆེ་ཤོས་ནང་ཁ་པར་འབྲེལ་མཐུད་བསྐྱར་གསོ་ཐུབ་ཡོད་པ་མ་ཟད། གློག་ཤུགས་གཉའ་ལམ་མ་གཏོགས་རྫོང་ཚང་མའི་ནང་གཏོང་ཐུབ་ཡོད་པ་དང་། སློབ་གྲྭ་ཚང་མ་སྒོ་ཕྱེ་ཐུབ་ཡོད་སྐོར་བརྗོད་འདུག
འདས་པའི་ཉིན་གྲངས་ཁ་ཤས་ཀྱི་ནང་། གངས་འཚུབ་དྲག་པོ་བརྒྱབ་པ་དེས་གཞིས་ཀ་རྩེའི་ས་ཁུལ་ཀྱི་གྲོ་མོ་དང་། གཉའ་ལམ།  གཏིང་སྐྱིད། སྐྱིད་གྲོང་བཅས་ཀྱི་ནང་གནོད་འཚེ་ཕོག་པ་ཆེས་སྡུག་ཤོས་དེ་ཆགས་ཡོད་འདུག་པ་མ་ཟད། ལྷག་པར་གཉའ་ལམ་དང་གྲོ་མོ་ལ་གཞུང་འབྲེལ་གནམ་གཤིས་བརྟག་དཔྱད་ཁང་གིས་གནམ་གཤིས་ཚ་དྲོད་མར་ཆགས་ཏེ་ (Celcius) ༦ ནས་ ༨ བར་ལ་སླེབས་ཡོད་པ་བརྗོད་ཡོད་ལ། དེ་བཞིན་གཉའ་ལམ་རྫོང་གི་ས་གནས་མང་པོའི་ནང་དུ་བབས་པའི་གངས་དེ་ནི་རེས་གཟའ་སྤེན་པའི་ཉིན་བརྟག་དཔྱད་སྐབས་གཏིང་ཚད་ (Centimetre) ༧༧ སླེབས་ཏེ་དེས་གློག་ཤུགས་དང་ཆུའི་མཐུན་རྐྱེན་སྦྱོར་སྤྲོད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། འགྲིམ་འགྲུལ་གནས་སྟངས་ཧ་ཅང་སྡུག་པོ་བྱུང་ཡོད་འདུག
དེ་བཞིན་འདས་བའི་ཉིན་ཤས་ནང་མདོ་སྟོད་སྨད་ཕྱོགས་ཀྱི་ས་ཁུལ་མང་པོར་ཡང་བསྟུད་མར་ཁ་བ་བབས་ནས་གནམ་གཤིས་ཇེ་འཁྱག་ལ་སོང་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42304 བཀླགས་འདུག