Donate

གཏེར་ཁ་བསྔོག་པར་ངོ་རྒོལ་བྱེད་འཆར་འདུག

ཟླ་འདིའི་ཕྱི་ཚེས་༢༩ ཉིན་མགོ་ལོག་ཁུལ་པད་མ་རྫོང་སྟག་མཁར་ཡུལ་ཚོ་སྟག་ཐོག་སྡེ་བའི་དགོན་གྲོང་ཡོངས་ནས་རྒྱ་གཞུང་གིས་བཙན་གྱིས་གནས་རི་མང་པོར་གཏེར་ཁ་བསྔོག་རྩིས་བྱེད་བཞིན་པར་སེམས་འཚབ་ཆེན་པོས་ངོ་རྒོལ་བྱ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་འདུག

འདི་གར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་རྒྱ་གཞུང་གིས་མགོ་ལོག་ཁུལ་པད་མ་རྫོང་སྟག་མཁར་ཡུལ་ཚོའི་སྟག་ཐོག་སྡེ་བའི་ནང་བཙན་འཛུལ་གྱིས། ས་རྡོ་ཡུལ་གྱི་གནས་རི་བྱིན་ཅན་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་མཆོག་རྡོ་སྙིང་དང་རྟ་རྔོག རི་འབུམ། རི་སེར་མ་ཟེར་སོགས་ཀྱི་གཏེར་ཁ་ལ་གང་འདོད་ཀྱིས་ཞིབ་འཇུག་བྱས་ཡོད་པར་བརྟེན། ས་གནས་ཀྱི་དགོན་གྲོང་སྐྱ་སེར་གཉིས་ཕྱོགས་ཀྱི་མགོ་འཛིན་པ་མཁན་སྤྲུལ་དང་དཔོན་བློན་དག་གིས་གཙོས་སྡེ་མི་ཡོངས་ཀྱིས། རྒྱ་གཞུང་གི་ས་གནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཚུལ་གྱི་བཅའ་ཁྲིམས་གཞིར་བཟུང་སྟེ་བཀག་འགོག་བྱས་ཡོད་ཀྱང་། སྲིད་གཞུང་གིས་ཉན་འཇོག་བྱས་མེད་<པ་མ་ཟད། ཡུལ་མི་ཚོར་འཇིགས་སྐུལ་སྣ་ཚོགས་བྱས་ཏེ་ནུས་པ་གང་ཡང་ཐོན་མེད་པ་དང་། ད་ལོ་ནས་དངོས་སུ་གཏེར་ཁ་སྔོག་རྩིས་བྱེད་བཞིན་ཡོད་འདུག

དེའི་ཐད་སྟག་ཐོག་སྡེ་བའི་དགོན་གྲོང་ཡོངས་ནས་སེམས་འཚབ་ཆེན་པོས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གལ་སྲིད་ཡུལ་འདིའི་ཡུལ་ལྷ་གཞི་བདག་གནས་རི་དག་དངོས་སུ་སློག་ཉིན་སྡེ་མི་ཡོངས་ཀྱིས་ཞི་བའི་སྒོས་བཀག་འགོག་བྱེད་ངེས་ཡིན་ཡང་། བོད་ཁུལ་གྱི་ས་ཆ་གཞན་ལ་བྱུང་དང་འབྱུང་བཞིན་པའི་སྲོག་ཁྲིམས་དང་བཙོན་འཇུག་བྱེད་ངེས་རེད་སྙམ། འོན་ཀྱང་ངེད་ཅག་གིས་ས་བཅུད་ཡུལ་རྟེན་ཕངས་མེད་དུ་ལས་སླ་མོ་ཞིག་གིས་མི་སྦྱིན་ཁོ་ཐག་ཡིན། དེ་མཚུངས་ཀྱིས་བོད་ཁུལ་གྱི་ས་ཆ་མང་པོའི་གནས་རི་གྲགས་ཆེན་དང་། ཁྱད་པར་དུ་བོད་ཀྱི་ཁོག་པའི་སྙིང་དང་ཐོད་པའི་མིག་ལྟ་བུའི་བོད་མི་ཡོངས་ཀྱི་ཡུལ་ལྷ་ཨ་མྱེ་རྨ་ཆེན་གངས་རི་སོགས་ཀྱི་གཏེར་ཁ་ཅི་འདོད་དུ་བླང་ནས་ད་ལྟ་ཕལ་ཆེར་རི་བོ་ཁོང་སྟོང་དུ་གྱུར་ཡོད་ཚོད་འདུག ཅེས་དང་།

ཡང་མུ་མཐུད་དུ། འདི་དག་ནི་ང་ཚོ་འགྲོ་བ་སྤྱི་ལ་དབང་བའི་སའི་གོ་ལར་ཐུབ་ཚོད་ཀྱིས་ཐོབ་ཐང་རྡོག་བརྫིས་དང་། ཁྱད་པར་བོད་ཁུལ་གྱི་ས་ཆ་གང་མང་ལ་ཐུབ་ཚོད་ཚད་མེད་བྱས་དང་བྱེད་ཀྱིན་འདུག འདི་ནི་རྒྱ་ནག་རང་གི་བཅའ་ཁྲིམས༼མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་བྱེད་ཐབས་དོན་ཚན་ལྔ་པའི་ནང་། ཡུལ་སྡེ་དང་མི་སྒེར་ཡོངས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ལ། ཁོར་ཡུག་དང་ཐོན་རྫས་ལ་མནོལ་བཙོག་དང་གཏོར་བཤིག་བྱེད་མཁན་ལ་ལྟ་སྐུལ་དང་བཀག་འགོག ཐེར་འདོན་དང་ཞུ་སྦྱོར་བྱེད་པའི་དབང་ཆ་ཡོད་པ་མ་ཟད། ཁོར་ཡུག་ལ་གཅེས་སྐྱོང་དང་ལེགས་བཅོས་བྱས་ནས་གྲུབ་འབྲས་ཡོད་པ་ལ་རིམ་པ་སོ་སོའི་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྤྲད་དགོས།༽ ཞེས་པའི་བཅའ་ཁྲིམས་མི་མང་གིས་ལག་ལེན་བྱས་ཀྱང་གཟེངས་བསྟོད་དང་བྱ་དགའ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་འཇིགས་སྐུལ་སྣ་ཚོགས་ཀྱིས་བཙན་གནོན་དང་། ཁྲིམས་འཇུག་བརྡུང་བརྡེག་སྲོག་ཁྲིམས་སོགས་ཚད་མེད་པའི་མནར་གཅོད་བྱེད་ཀྱིན་པ་འདིས། སྲིད་གཞུང་གི་ཡིག་ཐོག་གི་བཅའ་ཁྲིམས་ནི་ནམ་ཡང་སྐྱག་རྫུན་རྐྱང་རྐྱང་ཡིན་པ་གསལ་པོར་མངོན་ཡོད་པ་རེད། ཅེས་བཀོད་འདུག

ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42180 བཀླགས་འདུག