Donate

གཏེར་ཁ་བསྔོག་རྩིས་ལ་ས་གནས་བོད་མིས་བཀག་འགོག་བྱེད་བཞིན་པ།

དར་མདོ་རྫོང་ལྷ་སྒང་ར་ལི་སྡེ་བ་ནས་དེ་སྔོན་གཏེར་ཁ་བསྔོག་འདོན་མཚམས་འཇོག་བྱས་བ་དེ། ད་ལྟ་ཡང་བསྐྱར་བསྔོག་འདོན་བྱེད་རྩིས་ཡོད་པར་ས་གནས་མང་ཚོགས་ཀྱིས་བཀག་འགོག་བྱས་པར་ཉེན་རྟོག་པ་མང་པོ་འབྱོར་ཡོད་འདུགDardho Tibetབོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ལོ་ཤས་སྔོན་ལ་བསྔོག་འཚམས་བཞག་པའི་དཀར་རྒྱས་ཁའི་གཏེར་ཁ་དེ་ད་ལྟ་ཡང་བསྐྱར་བསྔོག་འདོན་ལས་གཞི་འགོ་འཛུགས་བྱེད་རྩིས་ཡོད་པའི་རྐྱེན་གྱིས། སྤྱི་ཟླ་༤་པའི་ཚེས་༡༡་ནས། དར་མདོ་རྫོང་ལྷ་སྒང་གྲོང་བརྡལ་རི་ལི་སྡེ་བའི་ས་ཐོག་ན་ཡོད་པའི་དཀར་རྒྱས་ཁ་གཏེར་ཁུལ་དེར་རྒྱ་ནག་གི་ཉེན་རྟོག་པ་དང་། ཉེན་རྟོག་པས་རམ་འདེམས་བྱེད་མཁན་མི་སྣ་བརྒྱ་ཕྲག་ཁ་ལྷག་ཡོང་ནས་ས་གནས་ཀྱི་ཁྱིམ་ཚང་རེར་རྗེས་འདེད་ཀྱིས། གལ་སྲིད་གཏེར་ཁ་ཡང་བསྐྱར་བསྔོག་འདོན་ཐད་མང་ཚོགས་ནས་བཀག་འགོག་བྱས་བ་ཡིན་ན་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་ཚུལ་གྱིས་ཉེན་བརྡ་གཏོང་གི་ཡོད་ལ། ས་གནས་མང་ཚོགས་ནས་བཀག་འགོག་གིས་ད་ལྟ་ཉིན་གྲངས་བཅུ་ཁ་ཞིག་འགོར་ཡོད་འདུག
ཡང་གནས་ཚུལ་ནང་བརྗོད་ན། ལྷ་སྒང་དཀར་རྒྱས་ཁའི་གཏེར་ཁ་དེ་སྤྱི་ལོ་༢༠༠༥ལོ་ནས་བཟུང་། དཀར་མཛེས་ཁུལ་རོང་ཏྭ་ལི་ཐི་ཡམ་(Lithium)གཏེར་ཁའི་ཚོང་གཉེར་ཁང་གིས་བསྔོག་འདོན་བྱས་བ་དང་། ལོ་མང་རིང་ས་གནས་མང་ཚོགས་ཀྱི་སྒོ་ཕྱུགས་ལ་ནད་རིགས་ཡ་མཚན་ཕོག་ནས་ཤི་བ་དང་། ལྷག་པར་དུ་སྤྱི་ལོ་༢༠༡༣་ལོར་གཏེར་བསྔོག་འབག་འཙོག་རྐྱེན་རྒྱུགས་ཆུའི་ནང་ཉ་སྲིན་སོགས་མང་པོ་ཤི་བའི་འདྲ་པར་དྲ་ལམ་ཁག་ཏུ་ཐོན་པ་དང་། རྗེས་སུ་ཁྲིན་ཏུའུ་ནས་ཉ་སྲིན་དེ་དག་ལ་རྟོག་དཔྱད་བརྒྱུད་། དུག་ཆུའི་རྐྱེན་ཡིན་པ་ར་སྤྲོད་བྱས་བ་སོགས་ཀྱིས། གཏེར་ཁ་དེ་བར་སྐབས་རིང་བསྔོག་འདོན་མཚམས་འཇོག་བྱས་ཡོད་ལ། སྤྱི་ལོ་༢༠༡༤་ལོར་ས་གནས་མང་ཚོགས་ཀྱི་འཐུས་ཚབ་མི་སྣ་གསུམ་པེ་ཅིན་ལ་སོང་གཏུག་བཤེར་བྱས་ཏེ་དྲང་བདེན་གྱི་ཐག་གཅོད་བྱེད་པར་རེ་སྒུག་བྱས་ཡོད་ཀྱང་། ཉེ་ཆར་གྱི་སྤྱི་ཟླ་བཞི་བའི་ཚེས་༡༡་ནས་ཡང་བསྐྱར་གཏེར་ཁ་བསྔོག་འདོན་གྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་ས་གནས་མང་ཚོགས་ཀྱི་ཤེས་རྟོགས་བྱུང་ནས་བཀག་འགོག་རྣམ་པ་ཤུགས་ཆེན་སྟོན་བཞིན་པ་རེད།

གནས་ཚུལ་ཡོང་ཁུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42132 བཀླགས་འདུག