Donate

གད་སྙིགས་ལས་སྣོན་བཟོ་གྲྭ་གསར་རྒྱག་ངོ་རྒོལ་བྱས་པར་ཡུལ་མི་ ༡༧ འཛིན་བཟུང་།

གད་སྙིགས་ལས་སྣོན་བཟོ་གྲྭ་གསར་རྒྱག་ངོ་རྒོལ་བྱས་པར་ཡུལ་མི་ ༡༧ འཛིན་བཟུང་།

ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོར་རྒྱ་ནག་ཀང་ཏུང་ཞིང་ཆེན་ཧྲོ་ཀྲན་གྲོང་ཁྱེར་ནང་གད་སྙིགས་ལས་སྣོན་བཟོ་གྲྭ་གསར་འཛུགས་ལ་ངོ་རྒོལ་བྱས་ཏེ་ཡུལ་མི་ ༡༧ འཛིན་བཟུང་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར། རྒྱ་ནག་ཀང་ཏུང་ཞིང་ཆེན་ཧྲོ་ཀྲན་གྲོང་ཁྱེར་རིན་ཧྭ་རྫོང་དོང་ཐང་གྲོང་རྡལ་གྱི་གྲོང་ཚོ་གསུམ་ནས་ཡུལ་མི་ ༦༠༠ ཙམ་རྫོང་སྲིད་གཞུང་གི་སྒོ་ཁར་འཛོམས་ཏེ། དོང་ཐང་གྲོང་རྡལ་ཡཱན་ཐོའུ་གྲོང་ཚོའི་ཆུ་མཛོད་ཉེ་འགྲམ་དུ་གད་སྙིགས་ལས་སྣོན་བཟོ་གྲྭ་ཞིག་རྒྱག་འཆར་ཡོད་པ་དེར་ངོ་རྒོལ་དང་། ཡུལ་མིར་བསམ་ཚུལ་བསྡུ་ལེན་བྱས་ཡོད་ལུགས་ཀྱི་སྐྱག་རྫུན་བཤད་པ་དེར་རྫོང་དཔོན་གྱིས་གསལ་བཤད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤ སྟེང་ཉེན་རྟོག་པ་  ༢༠༠ ཙམ་ཞིག་ཡོང་སྟེ་ཞི་རྒོལ་བ་ཚོར་གང་བྱུང་གཅར་རྡུང་བཏང་སྟེ་མི་མང་པོ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། མི་ ༡༧ འཛིན་བཟུང་བྱས་ཡོད་སྟབས་ཁ་སང་ཕྱི་ཚེས་ ༥ ཉིན་རྫོང་སྲིད་གཞུང་ལ་འཛིན་བཟུང་བྱས་པའི་ཡུལ་མི་རྣམས་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། རིན་ཧྭ་རྫོང་གི་རྫོང་དཔོན་གཞོན་པས་གད་སྙིགས་ལས་སྣོན་བཟོ་གྲྭ་རྒྱག་རྒྱུར་མོས་མཐུན་གྱི་མིང་རྟགས་མ་བཀོད་ཚེ། ཁོ་ཚོ་ཀློད་གྲོལ་གཏོང་རྒྱུ་མིན་ཞེས་བརྗོད་དེ་མུ་མཐུད་དུ་བཀག་ཉར་བྱས་ཡོད་འདུག 

ཡཱན་ཐོའུ་གྲོང་ཚོའི་ཡུལ་མི་ཞིག་གིས། ན་ནིང་ཕྱི་ཟླ་ ༡ པོའི་ནང་ཚོ་དཔོན་གྱིས་རྫོང་སྲིད་གཞུང་དང་གན་རྒྱ་བཞག་སྟེ་ལས་གཞི་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་ཡོད་ཀྱང་། གྲོང་མི་ཚོར་བརྡ་ཁྱབ་གང་ཡང་མ་བཏང་བར་ད་ལོའི་ཕྱི་ཟླ་ ༨ པའི་ནང་ལས་གཞི་མགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་གྲོང་མི་ཚོས་རྫོང་སྲིད་གཞུང་ལ་ཞུ་གཏུག་ཏུ་ཐེངས་མང་བསྐྱོད་ཀྱང་། དེ་སྔོན་མི་མང་ལ་བསམ་ཚུལ་བསྡུས་ཏེ་མོས་མཐུན་བྱུང་ཡོད་སྐོར་གྱི་རྫུན་གཏམ་བཤད་དེ་མི་མང་གི་རེ་སྐུལ་སྣང་མེད་བཏང་ཡོད་པ་དང་།  ཟླ་འདིའི་ཚེས་ ༥ ཉིན་ཁོ་ཚོ་སྨན་ཁང་དུ་རྨས་མར་ལྟ་རུ་འགྲོ་སྐབས་རྨས་མ་ཚོར་ལག་ལྕགས་བརྒྱབ་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་མ་ཟད། ཉེན་རྟོག་པས་ཁོ་ཚོ་དང་སྐད་ཆ་བཤད་རྒྱུར་བཀག་འགོག་དང་། གྲོང་ཚོའི་ནང་སྐད་ཆ་འདྲ་མིན་བཤད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྐོར་བརྗོད་འདུག 

ངོ་རྒོལ་བ་ཞིག་གིས་གོང་གི་གནད་དོན་ཐད་རྫོང་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་ཞིག་དྲ་ལམ་དུ་བཀོད་པའི་ནང་། ཡུལ་མི་ཚོ་རྫོང་སྲིད་གཞུང་གི་ལས་ཁུངས་སུ་ཡོང་སྟེ། ལས་བྱེད་ཚོའི་བྱ་བར་འགོག་རྐྱེན་བཟོས་པར་གོང་རིམ་ནས་དོ་ཁུར་ཆེན་པོ་བྱས་ཏེ། དུས་ཐོག་ཏུ་ལས་དོན་མགོ་ཁྲིད་ཚོགས་ཆུང་ཆེད་འཛུགས་ཀྱིས་ཆུ་ཚོད་ ༨ ཙམ་གྱི་རིང་སློབ་གསོ་བཏང་ཡོད་ཀྱང་། མི་མང་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་མ་བྱས་སྟབས། ཕྱི་དྲོའི་ཆུ་ཚོད་ ༤ པར་སྤྱི་བདེ་ལས་ཁུངས་ནས་རྒྱུན་ལྡན་གྱི་བདེ་འཇགས་སྒྲིག་གཞི་སྲུང་སྐྱོབ་ཆེད་ཁྲིམས་ལྟར། ངོ་རྒོལ་རྩ་འཛུགས་པ་ ༡༧ རྟོག་ཞིབ་ཆེད་ཡུལ་དངོས་ནས་ཁྲིད་ཡོད་པ་དང་། གཞན་རྣམས་གོང་རིམ་གྱི་ལམ་སྟོན་ལྟར་ཕྱིར་ལོག་ཡོད་ལུགས་བརྗོད་འདུག

ཡོང་ཁུས་བོད་ཀྱི་དུས་བབ། གསར་འགོད་པ། པདྨ་མཚོ།

ཐེངས་ 42200 བཀླགས་འདུག