Donate

གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ།

གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ།

ཁ་སང་ཚེས་ ༢༢ ནས་ ༢༥ བར་གྱི་ཉིན་བཞིའི་རིང་སུད་སིའི་ཌོབ་ཝོ་སི་(Davos)རུ་འཛམ་གླིང་རྒྱལ་ཁབ་ ༤༠ ཡི་མགོ་ཁྲིད་གཙོས་རྒྱལ་ཁབ་ ༡༠༠ ལྷག་གི་སྐུ་ཚབ་དང་ཁེ་གཉེར་ཚོང་ལས་མགོ་ཁྲིད། ཆབ་དཔལ་རིག་གསུམ་གྱི་ཆེད་མཁས་པ། སྤྱི་ཚོགས་ཞབས་ཞུ་བ་དང་ལས་འགུལ་བ། སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ། གསར་འགོད་པ་སོགས་ཁྱོན་མི་སྣ་ ༢༥༠༠ ལྷག་མཉམ་ཞུགས་ཐོག འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཚོགས་འདུ་ཐེངས་ ༤༤ པ་འཚོགས་བཞིན་ཡོད་ཅིང་།ཚོགས་འདུ་དེའི་སྟེང་དེང་སྐབས་འཛམ་གླིང་ནང་སྲིད་དོན་དཀའ་རྙོག་དང་དཔལ་འབྱོར་ཉམས་རྒུད། རང་བྱུང་ཁོར་ཡུག་གི་གོད་ཆགས་སོགས་ལ་གདོང་ལེན་གནང་ཕྱོགས་སྐོར་ལ་བགྲོ་གླེང་གནང་བཞིན་ཡོད་འདུག

གླེང་སྟེགས་གཙོ་སྐྱོང་བ་སྐུ་ཞབས་སི་ཆི་ཝའ་བྷི་(Klaus Schwab)ལགས་ཀྱིས་ངོ་སྤྲོད་གནང་བར། དེང་སང་ང་ཚོར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་ནང་འཚོ་གནས་བྱེད་བཞིན་ཡོད་སྟབས། ཕན་ཚུན་བསམ་ཤེས་དང་འཆར་གཞི་ལྡན་པའི་ཐོག་ནས་འཛམ་གླིང་གི་སྲིད་དོན་དང་དཔལ་འབྱོར། འཕྲོད་བསྟེན། ལས་མེད། ཁོར་ཡུག་སོགས་ཀྱི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང་། ལོ་འགའི་སྔོན་དུ་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཆེན་པོ་བྱུང་པ་ད་ལྟ་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད་ཀྱང་། ད་དུང་འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དང་། ལྷག་པར་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་འཛམ་གླིང་ལ་ཉེན་ཚབས་ཆེ་བའི་གནད་དོན་མང་པོ་ཞིག་ཡོད་པ་དག་ལ་རྒྱལ་ཁབ་ཁག་མཉམ་འབྲེལ་ཐོག་སེལ་ཐུབ་བྱས་ཏེ། འཛམ་གླིང་ཞི་བདེ་རྒྱུན་གནས་དང་གོ་ལའི་རྣམ་པ་གསར་པ་བསྐྲུན་ཐབས་སུ་འབད་བརྩོན་བྱེད་དགོས་སྐོར་བརྗོད་འདུག

ཚོགས་འདུའི་སྟེང་ཉི་ཧོང་གི་སྲིད་བློན་ཤཱིང་བཟཱོ་ཨ་བྷེ་ལགས་ཀྱིས་རྒྱ་ནག་གིས་ཤར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དཔུང་རྒྱ་སྐྱེད་ཀྱིས་ས་ཁུལ་གྱི་བརྟན་བརླིང་ལ་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག ཚོགས་འདུར་མཉམ་ཞུགས་བྱེད་མཁན་འཐབ་ཇུས་མཁན་ཚོས། ༢༠༡༤ ལོའི་ནང་རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་ཕན་ཚུན་སྐྱོན་བརྗོད་མུ་མཐུད་བྱེད་བསྡད་ཚེ་དམག་འཁྲུག་རྒྱག་པར་ཉེན་ཁ་ཆེན་པོ་འདུག་ཅེས་གསར་འགོད་པར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ལྟ་རྟོག་ལྷན་ཁང་གི་འགན་འཛིན་ལྕམ་ཧྥེ་གྷོ་རེ་སི་( Christiana Figueres) ལགས་ཀྱིས་འཛམ་གླིང་གི་གནམ་གཤིས་དྲོད་ཚད་ ༢ འཕར་ཡོད་པ་དེས་འཛམ་གླིང་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་དང་། དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་ལྟ་བུར་མཚོན་ན་གྲོང་ཁྱེར་ཁག་གི་མཁའ་དབུགས་འབག་བཙོག་གཙང་བཟོའི་ཆེད་རྡོ་སོལ་བེད་སྤྱོད་ཉུང་དུ་གཏོང་དགོས་སྐོར་བརྗོད་འདུག གཞན། ཚོགས་ཞུགས་པ་མང་པོས་མ་འོངས་པར་གནམ་གཤིས་དྲོད་ཚད་ཚད་རིམ་ ༣ ལས་བརྒལ་ཚེ་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་བརྒྱ་ཆ་ ༠།༢ ཙམ་ཉམས་རྒུད་འགྲོ་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་འདུག

ཉེ་ཆར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས། ༢༠༡༤ ལོར་འཛམ་གླིང་ལ་ཉེན་ཚབས་ཆེ་བའི་གནད་དོན་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་གནམ་གཤིས་ཚ་དྲོད་ལ་འགྱུར་ལྡོག་བྱུང་བར་བརྟེན་ཆུ་ལོག་དང་ཐན་པ་བྱུང་བར་ངོས་འཛིན་གནང་འདུག དེ་མིན་རྒྱལ་ཁབ་ཁག་ནང་གཞུང་ཁྲལ་དཀའ་ངལ་དང་ལས་མེད་གྲངས་འབོར་མང་པོ་ཆགས་པ། འཛམ་གླིང་སྤྱི་ཡོངས་ཀྱིས་ཡོང་འབབ་ལ་ཁྱད་པར་ཆེན་པོ་ཡོད། སྤྱི་ཚོགས་བརྟན་བརླིང་མེད་བཅས་རེད་ཅེས་བཀོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། འཛམ་གླིང་དྲོད་ཚད་གནད་དོན་ལ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚོས་གནམ་གཤིས་དྲོད་ཚད་ལ་སྔོན་འགོག་བྱེད་པར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱ་ནག་དང་རྒྱ་གར། བྷར་ཛིལ། ཨར་ཇེན་ཌི་ན་སོགས་ལ་གློག་གི་མཐུན་རྐྱེན་མང་པོ་མེད་སྟབས་རྡོ་སོལ་དང་རྡོ་སྣུམ་བེད་སྦྱོད་མི་གཏོང་ཐབས་མེད་ཆགས་ཡོད་སྟབས་གནམ་གཤིས་འགྱུར་ལྡོག་གི་སྔོན་འགྲོ་བསྒྲུབ་རྒྱུར་མོས་མཐུན་བྱེད་ཀྱི་མེད་སྐོར་བརྗོད་འདུག

ཡོང་ཁུངས་བོད་ཀྱི་དུས་བབ། 

ཐེངས་ 42204 བཀླགས་འདུག