Donate

གནམ་གཤིས་འགྱུར་ལྡོག་གི་རྗེས་འབྲས་ངན་ཕྱོགས་རྐྱང་པ་ཡིན་དགོས་དོན་མེད།

བཟང་ཕྱོགས་ཀྱི་རྗེས་འབྲས་ཁག མ་མཐར་སྐབས་འཕྲལ་གྱི་གནས་སྟངས་དང་འབྲེལ་ནས་བཤད་ན། གནམ་གཤིས་འགྱུར་ལྡོག་གི་རྗེས་འབྲས་རྣམས་ངེས་པར་དུ་ངན་ཕྱོགས་རྐྱང་པ་ཡིན་དགོས་དོན་མེད། དཔེར་ན། སི་ཁྲོན་ཞིང་ཆེན་གྱི་བྲག་མགོ་ས་ཁུལ་དུ་དེང་སང་ཡུལ་མི་ཚོས་སི་པན་འདེབས་ལས་བྱེད་ཐུབ་ཀྱི་ཡོད། དེ་སྔོན་ཡིན་ན་སྟོན་འབྲས་དེ་རིགས་སྐྱེ་འཚར་ཡོང་རྒྱུར་གནམ་གཤིས་ཧ་ཅང་གྲང་དྲགས་ཀྱི་ཡོད། ད་དུང་བོད་ས་མཐོའི་ཕྱུགས་རྫི་ཚོར་ཡང་། འདས་པའི་ལོ་ངོ་འགའི་རིང་གི་དགུན་དུས་སུ་གནས་བཟོད་བདེ་པོ་བྱུང་བའི་ཚོར་སྣང་བྱུང་འདུག ཚེ་དབང་ནི་བོད་རིགས་ལུག་རྫི་བ་ཞིག་ཡིན་ཞིང་ཁོས་སྤོབས་པ་ཆེན་པོས་བརྗོད་དོན། གནམ་གཤིས་ཚ་དྲོད་ཆེ་རུ་ཏན་ཏན་འགྲོ་བཞིན་འདུག

འདི་ལོའ་ིགྲང་ངར་གྱིས་སྒོ་ཟོག་ཤི་སྐྱོན་ཉུང་ཉུང་ཞིག་ལས་བྱུང་མ་སོང་། ཞེས་བཤད། ཁོ་པར་མཚོན་ན་དགུན་ཁའི་མཚན་དུས་ཀྱི་དྲོད་ཚད་འཕར་བའི་གནས་སྟངས་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་འདུག སློབ་དཔོན་ཏེཇ་པར་ཏཱབ་ (Tej Partap) ༼ཁོང་ནི་བོད་ཀྱི་ཟས་རིགས་བདེ་འཇགས་སུ་བསྒྱུར་ཐབས་ཞེས་པའི་དཔེ་དེབ་ཀྱི་ཟུང་འབྲེལ་རྩོམ་སྒྲིག་པ་དང་། དེ་སྔ་རི་རྒྱུད་གཅིག་བསྡུས་ཡར་རྒྱས་ལྟེ་གནས་ཁང་གི་ནང་རི་རྒྱུད་ས་ཁུལ་དུ་ཞིང་ལས་ལམ་ལུགས་ཚན་པའི་འགན་འཛིན་དང་། ད་ལྟ་ཧི་མཱ་ཅལ་མངའ་སྡེའི་ཞིང་ལས་སྐོར་གྱི་གཙུག་ལག་སློབ་གཉེར་ཁང་དུ་ཉེ་བའི་རིགས་བདག་གི་ཕྱག་ལས་གནང་བཞིན་ཡོད།༽ ལགས་ནས་འདས་པའི་མི་ལོ་ཉུང་ཤས་རིང་གནམ་གཤིས་ཚ་དྲོད་རྒྱས་པའི་རྐྱེན་གྱིས་བོད་ནང་ཡུངས་དཀར་རིགས་དེ་སྔོན་འདེབས་ས་ལས་སྤྱི་ལེ་གཅིག་གི་མཐོ་སར་དེང་སྐབས་འདེབས་ལས་བྱེད་ཐུབ་ཀྱི་ཡོད་པ་གསུངས་ཡོད། ཡང་ཁོང་ནས་ཕྱི་ལོ་ ༡༩༩༠ལོར་དེ་སྔ་དྲོད་ཁང་ནང་འདེབས་ལས་བྱེད་དགོས་པའི་འབྲུ་རིགས་དང་། མ་རྨོས་ལོ་ཏོག སྲན་ཚོད་ཀྱི་རིགས་རྣམས་ཕྱི་རོལ་ཞིང་ཐང་དུ་རང་འབྱུང་རླུང་ཁམས་ནང་འདེབས་ལས་བྱེད་ཐུབ་ཀྱི་ཡོད་པ་ར་འཕྲོད་བྱུང་འདུག
 

ད་དུང་ཁོང་གིས་བོད་ནང་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་བཤད་ན། ནས་འབྲུ་ཁོ་ན་རྒྱུན་གནས་ཐུབ་པའི་སྟོན་ཐོག་གི་རིགས་མིན་པ་དང་། གནམ་གཤིས་ཚ་དྲོད་དང་མཐུན་ཤས་ཆེ་བའི་སྟོན་ཐོག་གསར་པ་དང་སྔོ་ཚལ་གསར་པའི་རིགས་རྣམས་ངེས་པར་དུ་འདེབས་ལས་བྱེད་དགོས་པའི་གླེང་སློང་གནང་བཞིན་ཡོད། དཔེར་ན། ཁེ་ན་ཌའི་བཱི་རི་ཊིཤ་ཁོ་ལོམ་བྷི་ཡ་(British Columbia) གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཀྱི་ཆུའི་ཐོན་ཁུངས་སྐོར་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་གནང་མཁན་བཀྲིས་ཚེ་རིང་ལགས་ཀྱིས་གསལ་རྟོགས་བྱུང་བ་ལྟར་ན། སྤི་ཏིའི་ཡུལ་མི་ཚོས་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ལ་བསྟུན་འདྲིས་བྱས་ཏེ་སྲན་ནག་གི་ཚབ་ཏུ་སྲན་ལྗང་འདེབས་ལས་བྱེད་ཀྱི་ཡོད་འདུག ཁོང་ཚོས་ད་ལྟའི་བར་དཔལ་འབྱོར་གྱི་ཐད་ནས་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་འོག་འཚོ་གནས་ཐུབ་པ་བྱུང་ཡོད། དེ་ཡང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཁོངས་གཏོགས་སྤི་ཏི་ས་ཁུལ་ནི་བོད་དང་ས་བབས་འདྲ་བའི་ཞིང་འབྲོག་ས་ཁུལ་ཞིག་ཡིན།
ཕྱི་ལོ་ ༢༠༠༢ ལོའ་ིལོ་རེན་ (Lauren Sacks) དང་སིན་ཐི་ཡ་    (Cynthia Rosenzweig) གཉིས་ཀྱི་ཉམས་ཞིབ་བྱས་པ་ལྟར་ན། གནམ་གཤིས་འགྱུར་ལྡོག་དང་བསྟུན་ཐབས་ཀྱིས་ཐོན་སྐྱེད་མཁོ་སྒྲུབ་བྱེད་པར། རྒྱལ་ཁབ་དང་ས་གནས་གཉིས་ཀའི་ཞིང་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ནང་དཔལ་འབྱོར་གྱི་མ་འཛུགས་བྱེད་དགོས་པ་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་གི་རྗེས་འབྲས་ངན་པས་གནོད་སྐྱོན་ཐེབས་པའི་ཞིང་པ་ཚོའི་ཟས་རིགས་བདེ་འཇགས་ལ་འགན་ལེན་ཆེད། རྒྱལ་ཁབ་དང་ས་གནས་རིམ་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་གལ་ཆེར་གྱུར་ཡོད། འོན་ཀྱང་བོད་རིགས་རྣམས་ལ་སོ་སོའ་ིལས་དོན་དང་བྱ་གཞག་ནང་རང་དབང་གིས་འགན་ལེན་བྱེད་པའི་གནས་བབས་གང་ཡང་མེད་སྟབས། གནམ་གཤིས་འགྱུར་ལྡོག་དང་བསྟུན་ཐབས་ཀྱི་ལས་དོན་འདི་རིགས་ནི། ཁོང་ཚོས་སྙོབ་ཐབས་མེད་པའི་གནས་སྟངས་ཤིག་ཡིན་པ་བཤད་འདུག

བོད་ཀྱི་ས་བབས་ཆེས་མཐོ་བའི་དབང་གིས་ནས་རིགས་ནི་སྲོལ་རྒྱུན་གྱི་སྟོན་ཐོག་གཙོ་བོ་དེར་གྱུར་ཡོད། དེར་བརྟེན་རྩམ་པ་ནི་བོད་མིའི་རྒྱུན་ཟས་ཀྱི་གཙོ་བོ་དེ་ཆགས་ཡོད། ཡིན་ནའང་ཉེ་བའི་ལོ་ངོ་འགའི་རིང་ཞིང་ལས་ཐོན་སྐྱེད་ཡར་རྒྱས་བྱུང་བ་དང་ཆབས་ཅིག ཡུལ་མིའི་བཟའ་བཏུང་ལོངས་སྤྱོད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད། འདས་པའི་ལོ་རབས་འགའི་རིང་བོད་ནང་གྲོང་ཁྱེར་གསར་འཛུགས་དང་བརྡ་འཕྲིན་བྱ་གཞག གཞུང་ལམ་ལྟ་བུའི་རྨང་གཞི་འཛུགས་སྐྲུན་ཁག་གཅིག་མཐོང་ཆོས་སུ་གྱུར་ཡོད་ཅིང། འགྱུར་བ་འདི་དག་གིས་བོད་ནང་བོད་རིགས་མིན་པའི་ཕྱི་མི་གཞིས་སྡོད་པ་ཧ་ཅང་མང་པོ་ཞིག་འཛུལ་ཞུགས་འཚོ་སྡོད་ཀྱི་གོ་སྐབས་བསྐྲུན་པ་དང་དུས་མཚུངས། ཕྱི་མིའི་འཚོ་བ་སྐྱེལ་སྟངས་ཀྱི་འཚོ་ཐབས་རིགས་ཤིག་ཀྱང་མཉམ་དུ་བསླེབས་ཡོད། ཁོང་ཚོའི་འཚོ་བའི་དགོས་མཁོར་གྲངས་འབོར་ཧ་ཅང་མང་བའི་སྟོན་ཐོག་གསར་པ་དང་སྔོ་ཚལ་གྱི་རིགས་འདེབས་ལས་བྱེད་དགོས་པ་དང་། ད་དུང་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་དེས་སྣ་འཛོམས་དང་རྒྱས་སྤྲོས་འཚོ་ཐབས་ཀྱི་དགོས་འདུན་འདོན་བཞིན་ཡོད།
ནུས་ཤུགས་བེད་སྤྱོད་ཀྱི་ཚད་གཞི་ཡང་ཤུགས་ཆེར་གཏོང་དགོས་པ་ཆགས་ཡོད།


ད་ལྟའི་ལོ་རེའི་སྤྱི་སྙོམ་ཚ་དྲོད་ཀྱི་དབང་གིས་བོད་ནང་གྲོ་རིགས་འདེབས་ལས་བྱེད་པར་འོས་འཚམ་ཆགས་ཀྱི་མེད། འོན་ཀྱང་མི་ཉུང་བ་ཞིག་གིས་གོ་ལའི་ཚ་དྲོད་འཕེལ་བ་དེས་མི་རིང་བར་བོད་ཀྱི་ས་ཁུལ་ཁག་གྲོ་རིགས་དང་དེ་མིན་གྱི་སྟོན་ཐོག་གཞན་འདེབས་ལས་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཐུབ་པ་ཡོང་རྒྱུ་རེད་ཅེས་གླེང་བཞིན་ཡོད། ད་ལྟའི་གནམ་གཤིས་ཀྱི་གནས་སྟངས་འོག་ཞིང་ཆུའི་དགོས་མཁོ་ཧ་ཅང་ཆུང་བའི་འབྲུ་རིགས་འདི་གྲས་མ་འོངས་པར་ཞིང་ཆུའི་མཐུན་རྐྱེན་ཤིན་ཏུ་ནས་ཆེན་པོ་དགོས་མཁན་གྱི་རིགས་ཤིག་ཏུ་འགྱུར་ངེས་པ་ཡིན། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42181 བཀླགས་འདུག