Donate

གནམ་གཤིས་སྔོན་བརྡ་གཏོང་མི་ཆོག་ཟེར།

རྒྱ་ནག་ནང་མཁའ་དབུགས་འབག་བཙོག་གི་གནོད་སྐྱོན་ལོ་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན་སྲིད་གཞུང་གི་ཆོག་མཆན་མེད་ན་གནམ་གཤིས་བརྟག་དཔྱད་དང་སྔོན་བརྡ་རིཊ་གཏོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག

beijingཉེ་སྔོན་རྒྱ་ནག་གནམ་གཤིས་བརྟག་དཔྱད་ཁང་གིས་༼གནམ་གཤིས་སྔོན་བརྡ་ཁྱབ་བསྒྲགས་དང་བརྒྱུད་སྒྲོག་དོ་དམ་བྱེད་ཐབས༽ཞེས་པ་ཞིག་ཡོངས་བསྒྲགས་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་བཟུང་ཚོགས་པ་དང་མི་སྒེར་སུ་གང་གིས་ཀྱང་སྤྱི་ཚོགས་ཐོག་གནམ་གཤིས་སྔོན་བརྡ་གཏོང་མི་ཆོག་ལ། གལ་སྲིད་བཏང་བ་ཡིན་ན་རྒྱ་སྒོར་ཁྲི་ ༥ མན་གྱི་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་ཡོད་སྟབས། སྤྱི་ཚོགས་ཐོག་ནས་དེར་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། སྲིད་གཞུང་གིས་དུད་སྨུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གནས་ལའང་བཀག་སྡོམ་རྫུན་བཟོ་བྱེད་སྲིད་པའི་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག

ཡང་གནམ་གཤིས་བརྟག་དཔྱད་ཁང་གི་བཀའ་རྒྱ་དེའི་ནང་། ཚན་རིག་ཞིབ་འཇུག་ཁང་དང་རིག་རྩལ་ཚོགས་པ། མི་སྒེར་ཞིབ་འཇུག་པ་སོགས་ནས་སྤེལ་བའི་གནམ་གཤིས་སྔོན་བརྡའི་ཐད་ཀྱི་བསམ་ཚུལ་དང་། དཔྱད་བརྗོད་རྣམས་གནམ་གཤིས་གཙོ་གཉེར་ཁང་གི་ཁོངས་གཏོགས་གནམ་གཤིས་སྔོན་བརྡ་ཁང་ལ་སྤྲད་དེ་རྟོག་ཞིབ་བྱེད་དགོས་པ་ལས། ཚོགས་སྒེར་རང་ངོས་ནས་སྤྱི་ཚོགས་ཐོག་ཡོངས་ཁྱབ་གསལ་བསྒྲགས་བྱེད་མི་ཆོག་ལ། སྲིད་གཞུང་གིས་བཀོད་ཁྱབ་བཏང་བའི་གནམ་གཤིས་སྔོན་བརྡ་དུས་ཐོག་ཏུ་མ་བཏང་བ་དང་། ནང་དོན་ལ་བཟོ་བཅོས་བརྒྱབ་པ་སོགས་ཁྲིམས་དང་འགལ་ཚེ། རྒྱ་སྒོར་ཁྲི་ ༣ མན་གྱི་ཉེས་ཆད་གཅོད་དགོས་སྐོར་བཀོད་འདུག

རྒྱ་ནག་གི་དུད་སྨུག་ལྟ་ཞིབ་ཚད་ལེན་ཐོག་ལོ་མང་རིང་ལས་ཀ་བྱས་པའི་ཁོར་ཡུག་སྲུང་སྐྱོབ་པ་ཚེ་ཧྲིན་གྱིས་གསར་འགོད་པར། སྲིད་གཞུང་གིས་དུད་སྨུག་འབག་བཙོག་གི་གནས་ཚུལ་སྤེལ་བར་སྟངས་འཛིན་བྱས་པ་ཡིན་ན་འཐུས་ཤོར་ཆེན་པོ་ཞིག་རེད། ད་ལྟ་ང་ཚོའི་དམངས་ཁྲོད་དུ་དུད་སྨུག་སྐོར་གྱི་གནས་ཚུལ་གཏོང་སའི་དྲ་རྒྱ་ཞིག་ཡོད་ལ། མ་འོངས་པར་དྲ་རྒྱ་དེར་བཀག་འགོག་བྱས་པ་ཡིན་ན། མི་མང་གིས་སྔར་ལས་སྲིད་གཞུང་ལ་འཁོན་སེམས་ཆེན་པོ་འཛིན་རྒྱུ་ཡིན་པ་མ་ཟད། སྲིད་གཞུང་གིས་བཏང་བའི་གནམ་གཤིས་གནས་ཚུལ་ལ་ཡིད་ཆེས་བྱེད་ངེས་མ་རེད། ཅེས་བརྗོད་འདུག

རྒྱ་གཞུང་གིས་འདི་རིགས་ཀྱི་གཏན་འབེབས་མང་པོ་བྱས་ཡོད་པའི་ནང་། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡ ཉིན་ནས་གཏན་འབེབས་ལག་བསྟར་བྱས་པའི་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཡོམ་སྔོན་འགོག་དང་གནོད་སྐྱོན་ཉུང་གཏོང་གི་བཅའ་ཁྲིམས༽ཞེས་པའི་ནང་། ལས་ཁུངས་དང་མི་སྒེར་གྱིས་སྤྱི་ཚོགས་ཐོག་ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་བསམ་ཚུལ་ཁྱབ་སྤེལ་བྱེད་མི་ཆོག་པ་མ་ཟད། སྲིད་གཞུང་གི་བཀོད་ཁྱབ་མེད་པར་དེ་འབྲེལ་གྱི་བྱ་འགུལ་ནང་མི་མང་མཉམ་ཞུགས་ཀྱིས་ལས་ཀ་བྱེད་མི་ཆོག གལ་སྲིད་ལས་ཁུངས་ཤིག་གིས་ཁྲིམས་འགལ་དེ་རིགས་བྱེད་ཀྱི་ཡོད་ན་འཕྲལ་དུ་བཀག་འགོག་བྱེད་དགོས་པ་མ་ཟད། གནས་ཚུལ་ཚབས་ཆེན་ཡིན་ན་རྒྱ་སྒོར་ཁྲི་ ༢ ནས་ ༢༠ མན་གྱི་ཉེས་ཆད་དང་། མི་སྒེར་ཡིན་ན་རྒྱ་སྒོར་ ༢༠༠༠ མན་གྱི་ཉེས་ཆད་གཅོད་དགོས། དེ་བཞིན། རྒྱ་གཞུང་གི་ཆོག་མཆན་མེད་པར་ཕྱིའི་རྒྱལ་ཁབ་ཀྱི་ཚོགས་པ་དང་མི་སྒེར་གྱིས་ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་བྱ་འགུལ་སྤེལ་གྱི་ཡོད་ན། ལྟ་ཞིབ་ཀྱི་མཇུག་འབྲས་ཐོན་མེད་ན་རྒྱ་སྒོར་ཁྲི་ ༡ ནས་ ༡༠ མན་གྱི་ཉེས་ཆད་དང་། ནག་ཉེས་ཚབས་ཆེན་ཡིན་ན་རྒྱ་སྒོར་ཁྲི་ ༡༠ ནས་ ༥༠ མན་གྱི་ཉེས་ཆད་གཅོད་དགོས་སྐོར་གཏན་འབེབས་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་བ་ཁྲའེ་ཅིན་ (Chai Jing) གྱིས། རྒྱ་ནག་གི་མཁའ་དབུགས་འབག་བཙོག་སྐོར་གྱི་༼ གུར་ཁང་འོག༽ཅེས་པའི་དངོས་འབྲེལ་གློག་བརྙན་ཞིག་ཁྱབ་བསྒྲགས་བྱས་ཏེ། རྒྱའི་གྲོང་ཁྱེར་ཆེ་ཁག་གི་མཁའ་དབུགས་ལ་འབག་བཙོག་ཚབས་ཆེན་ཐེབས་ཏེ། མིའི་བདེ་ཐང་དང་དཔལ་འབྱོར་གོང་འཕེལ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། གློག་བརྙན་དེ་ཁྱབ་བསྒྲགས་བྱས་ནས་ཉིན་ ༣ ནང་མི་གྲངས་ས་ཡ་ ༡༥༠ ལྷག་གིས་བལྟས་ཡོད་པ་མ་ཟད། དཔྱད་མཆན་སྟོང་ཕྲག་མང་པོ་བཀོད་དེ། རྒྱ་གཞུང་གི་སྒེར་གཅོད་ཀྱི་དཔལ་འབྱོར་ལམ་ལུགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་སྟབས། ཕྱིས་སུ་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས་བཀའ་རྒྱ་བསྒྲགས་ཏེ་རྒྱ་ནག་ནང་ལོགས་ནས་གློག་བརྙན་དེ་བཀག་འགོག་བྱས་ཡོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42210 བཀླགས་འདུག