Donate

གནའ་བ་ངོ་སྤྲོད།

གནའ་བ་ནི་འོ་འཐུང་དང་རི་དྭགས་ཀྱི་སྡེ་རུ་གཏོགས་ཤིང༌། བོད་ས་སྟོད་སྨད་བར་གསུམ་དང༌། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་སོགས་སུ་འཚོ་གནས་གཙོ་བོ་བྱེད། གནའ་བ་ནི་བོད་ཀྱི་ས་མཐོའི་ཡུལ་ལྗོངས་རྫ་རི་དང་བྲག་རི་སོགས་སུ་གཙོ་བོ་འཚོ་གནས་བྱེད་ཅིང༌། དེ་བཞིན་ནང་སོག་དང༌། ཤིང་ཅང་སོགས་རྒྱ་ནག་གི་ཞིང་ཆེན་འགའ་ཤས་དང༌། རྒྱ་གར། པ་ཀི་སི་ཐན། ཧི་མ་ལ་ཡའི་རི་རྒྱུད་སོགས་ས་བབས་མཐོ་དམན་བར་གསུམ་སོགས་གང་སར་འཚོ་གནས་བྱེད་བཞིན་ཡོད།

གནའ་བ།ཟས་སུ་རྩི་ཤིང་དང༌། རྩྭ་ལྡུམ་སོགས་སྔོ་ཟས་རིགས་ཁོ་ནར་ལོངས་སྤྱོད་བྱེད། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལྟར་ན་སྲོག་ཆགས་འདི་རྫ་བྲག་ལ་འཛེགས་པར་མཁས་ཤིང་རྒྱུག་པའི་ཚེ་ཆེས་མགྱོགས་པོ་ཡོད་པ་སོགས་འཁོད་འདུག

གནའ་བ་ལ་ནང་གསེས་རིགས་མི་འདྲ་བ་འགའ་ཤས་ཡོད་པས། བོད་ལ་རིགས་གཉིས་ཙམ་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག

དེ་ཡང་རིགས་དེ་གཉིས་མི་འདྲ་བའི་ཁྱད་པར་ནི་རྭ་ཅོ་རིང་ཐུང་དང་གཟུགས་དབྱིབས་ཀྱི་ཁྱད་པར་ཙམ་ཡིན་པ་གསལ་འདུག གནའ་བ་ཡི་ལུས་ཀྱི་རིང་ཚད་ལ་མི་ཊར་ ༡ ལྷག་ཙམ་དང༌། མཐོ་ཚད་ལ་སན་ཊི་མི་ཊར་ ༨༠ ལྷག་ཡོད་པ་དང༌། སྤྱིར་ལྗིད་ཚད་ལ་སྤྱི་རྒྱ་ ༣༠ ནས་ ༦༠ བར་ཡོད་པ་རེད། ཕོ་མོ་གཉིས་ཀའི་མགོ་ལ་རྭ་ལྡན་ཞིང༌། ཕོའི་རྭ་ལས་མོ་རྭ་ཅུང་ཐུང་བ་ཡོད། རྭ་ཡི་བཟོ་དབྱིབས་ནི་ཕྱི་གཅུས་བརྒྱབ་ཡོད།

སྲོག་ཆགས་འདི་རྒྱུན་དུ་ཁྱུ་བྱས་ཏེ་འཚོ་གནས་བྱེད་ཅིང༌། ཁྱུ་ཚོགས་གྲངས་འབོར་བརྒྱ་ཕྲག་ཙམ་འདུས་པ་ཡོང་གི་ཡོད། གནའ་བ་ཡི་ཆགས་འཕེལ་ནི་དགུན་དུས་ཡིན་ཞིང༌། མངལ་སྦྲུམ་གྱི་དུས་ཡུན་ཟླ་་ ༥ ལྷག་ཙམ་ཡིན། སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་གཅིག་ལས་མི་སྐྱེ། སྲོག་ཆགས་འདི་ཚེ་ཚད་ནི་ལོ་ ༡༥ ཙམ་དང༌། གྲངས་འབོར་ཚོད་དཔག་བྱས་ན་ ༤༧༠༠༠ ནས་ ༤༡༤༠༠༠ བར་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་དབྱིན་ཡིག་དེབ་ནང་གསལ་འདུག

གནའ་བ་ཡི་ཤ་དང༌། སྤུ། པགས་པ་སོགས་ཐོན་རྫས་དང་དགོས་མཁོ་ཆེད་རྔོན་རྒྱག་བྱས་མང་དྲགས་པ་དང༌། འཚོ་གནས་ཀྱི་ཁོར་ཡུག་ཆུང་དུ་འགྲོ་བ་སོགས་ལ་བརྟེན་ནས་ད་ཆར་རྒྱལ་སྤྱིའི་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད། གནའ་བ་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་གི་ཟིན་ཐོ་དམར་པོར་འཁོད་ཡོད་པ་དང༌། དེ་བཞིན་རྒྱ་ནག་ནང་རིམ་པ་གཉིས་པའི་སྲུང་སྐྱོབ་གྲས་དང༌། རྒྱ་གར་ནང་རིམ་པ་གསུམ་པའི་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད།།

གནའ་བ་སྐོར་དཔྱད་གཞིའི་ཡིག་ཆ།

1 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད།ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.120-124

2 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.341

3 Microsoft Encarta Reference Library 2006

4 The Endangered Mammals of Tibet (2004 DIIR) P.34,35

 

ཐེངས་ 42214 བཀླགས་འདུག