Donate

གནས་རི་སྲུང་སྐྱོབ་པར་གཅར་རྡུང་འཇིཊ་སྐུལ་བྱས།

རྒྱ་གཞུང་གིས་ཆུ་ཆེན་རྫོང་ཁོངས་ཀྱི་གནས་རི་སྲུང་སྐྱོབ་པ་ཚོར་གཅར་རྡུང་བཀག་ཉར་བྱས་ཡོད་པ་མ་ཟད་མུ་མཐུད་ངོ་རྒོལ་མི་ཆོག་པའི་འཇིགས་སྐུལ་བཀའ་རྒྱ་བསྒྲགས་འདུག

13881816-7b29-4c1e-89fd-afc4ad6497bfའབྲེལ་ཡོད་ཅིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གཞུང་གིས་གློག་འདོན་ཁང་ཆེན་པོ་གཉིས་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་ཁ་གཡར་ཏེ། རྔ་བ་ཁུལ་ཆུ་ཆེན་རྫོང་ཨ་ཁོ་རེས་ཡུལ་ཚོའི་ཉེ་འཁྲིས་སུ་ཡོད་པའི་གནས་རིའི་ཕྱོགས་སུ་ལམ་ཀ་བཟོ་བཞིན་ཡོད་སྟབས། ས་གནས་བོད་མི་ཚོས་འབྲེལ་ཡོད་ལས་ཁུངས་ལ་ཐེངས་མང་ཡིག་ངག་གཉིས་ཐོག་ནས་ལས་གཞི་དེ་མཚམས་འཇོག་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། སྲིད་གཞུང་གི་དཔོན་རིགས་ཚོས་ཉན་འཇོག་གཏན་ནས་བྱས་མེད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ས་གནས་བོད་མི་ཚོས་གནས་རིའི་གཏེར་ཁ་སྔོག་མི་ཆོག་པའི་ངོ་རྒོལ་གནང་སྐབས། ཉེན་རྟོག་པ་ ༨༠ ལྷག་གིས་མི་མང་ལ་བཙན་གནོན་བྱས་ཏེ་མི་མང་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་བོད་མི་ ༢༠ ཙམ་ལ་གང་བྱུང་གཅར་རྡུང་བཏང་ཡོད་པ་མ་ཟད། རྒན་པོ་ལོ་ ༦༠ ཡིན་པ་ཞིག་བཅས་མི་ ༧ བཙན་འཁྲིད་ཀྱིས་ཉིན་གྲངས་ ༧ དང་ ༡༥། ༢༠ བཅས་སུ་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་ཚོའི་ནང་ནས་ཁ་ཤས་ལ་གཅར་རྡུང་དྲག་པོ་བཏང་སྟེ་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སླར་ཡང་ཡུལ་ཚོའི་ནང་ཉེན་རྟོག་པ་མང་པོ་ཡོང་སྟེ། སྲིད་གཞུང་གི་ལས་གཞིར་འགོག་རྐྱེན་བཟོས་ན་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བཀའ་རྒྱ་བསྒྲགས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཆུ་ཆེན་རྫོང་ཨ་ཁོ་རེས་ཡུལ་ཚོ་ནི་མཐོ་སྒང་དུ་གནས་བྱས་པའི་འབྲོག་ཁུལ་ཞིག་ཡིན་ལ། ས་ཆ་འདི་ས་གནས་བོད་མི་ཚོའི་འཚོ་རྟེན་དུ་གྱུར་བའི་ཕ་གཞིས་ཡིན་སྟབས། གང་བྱུང་གིས་གཞན་ལ་གནོད་སྐྱོན་གཏོང་དུ་འཇུག་རྒྱུ་གཏན་ནས་མེད་ཀྱང་། སོ་སོའི་ཁེ་ཕན་ཁོ་ན་བསམ་པའི་ཁེ་ལས་བ་ཉུང་ཤས་དང་མིག་རྒྱང་ཐུང་བའི་ས་གནས་དཔོན་རིགས་ཚོས་ངན་པ་ལྐོག་འབྲེལ་གྱིས། ཕྱི་ལོ་ ༢༠༡༣ ཟླ་ ༣ ནང་གློག་འདོན་ཁང་འཛུགས་སྐྲུན་བྱ་རྒྱུར་ཁ་གཡར་ཏེ། ལས་བཟོ་བ་མང་པོ་ཨ་ཁོ་རེས་ཡུལ་ཚོའི་ནང་དུ་བཏང་སྟེ། ཡུལ་ཚོའི་སྡེ་བ་ ༤ ཡི་གནས་རིར་གཏེར་ཁ་བསྔོག་རྩིས་བྱས་ཡོད་པ་དང་། སྐབས་དེར་སྡེ་བའི་སྐུ་ཚབ་དང་ས་གནས་འབྲོག་པ་ཚོས་ཐེངས་མང་ཡར་ཞུ་འགོག་རྒོལ་བྱས་པ་བརྒྱུད་གནས་སྐབས་རིང་ལས་གཞི་མཚམས་བཞག་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ལས་བཟོ་བ་མང་པོས་ས་སྔོག་བྱེད་དང་སྐྱེལ་འདྲེན་གྱི་འཕྲུལ་ཆས་བཏང་ནས་ཡུལ་ཚོའི་ནང་བསླེབས་ཡོད་སྟབས། ས་གནས་འབྲོག་པ་ ༢༠༠ ཙམ་གྱིས་ལས་གཞི་མྱུར་ཏུ་མཚམས་འཇོག་དགོས་པའི་རེ་སྐུ་བྱས་ཡོད་པ་དང་། ཉིན་དེར་རྫོང་ཉེན་རྟོག་ཁང་གི་མགོ་ཁྲིད་གཞོན་པ་དང་གྲོང་ཚོའི་མགོ་ཁྲིད་སོགས་དཔོན་རིགས་རྣམས་ཡུལ་དངོས་སུ་བསླེབས་ཡོད་ཀྱང་། ས་གནས་མི་མང་གི་རེ་སྐུལ་ལ་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། ཉེན་རྟོག་པ་ ༨༠ ལྷག་ཆེད་གཏོང་གིས་མི་མང་ལ་དྲག་གནོན་འཛིན་བཟུང་བྱས་ཡོད་པ་མ་ཟད། འཛུགས་སྐྲུན་ལ་ཁ་གཡར་ནས་ཡོང་བའི་རྒྱ་མི་ཚོས་འབྲོག་པའི་ཕྱུགས་ཟོག་རྐུ་བ་དང་རི་སྐྱེས་སྲོག་ཆགས་རྔོན་པ་སོགས་ཀྱི་སྤྱོན་ངན་སྤེལ་བཞིན་ཡོད་འདུག ད་ཆ་ཡུལ་ཚོའི་གནས་རི་དང་བར་ཐག་སྤྱི་ལེ་ ༤ ཙམ་གྱི་སར་ཡོད་པའི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོས་ཚར་ཡོད་ལ། སྲིད་གཞུང་གིས་མུ་མཐུད་ལས་འཆར་ལྟར་གནས་རི་དང་བར་ཐག་སྤྱི་ལེ་ ༤ ཙམ་གྱི་སར་གློག་འདོན་ཁང་ཆེན་པོ་གཉིས་རྒྱག་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ལས་བཟོ་བ་ཚོས་ལས་གཞི་དེའི་མཐའ་མའི་དམིགས་ཡུལ་ནི་གཏེར་ཁ་སྔོག་འདོན་བྱ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་བྱས་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། ཨ་ཁོ་རེས་ཡུལ་ཚོའི་བོད་མི་ཡོངས་ནས་འབྲེལ་ཡོད་དཔོན་རིགས་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་ཡར་ཞུ་ཐེངས་མང་བྱས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བྱུང་བའི་གནད་དོན་དྲང་བདེན་གྱིས་ཐག་གཅོད་དགོས་པ་དང་། འབྲོག་པའི་འཚོ་རྟེན་ཏུ་གྱུར་བའི་ས་ཆ་ལ་སྲུང་སྐྱོབ་དང་འབྲོག་མང་གི་ཆོས་ལུགས་དད་མོས་ལ་བརྩི་བཀུར་དགོས་པ། དེ་བཞིན་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་གཏོང་བ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་དང་སྦྲགས། ཉེན་རྟོག་པས་དབང་ཆ་ལོག་སྤྱོད་ཀྱིས་ཉེས་མེད་མི་མང་བཀག་ཉར་བྱས་ཏེ། འགྲོ་བ་མིའི་རང་དབང་ལ་རྒྱབ་འགལ་དང་གང་བྱུང་གིས་འབྲོག་མང་གི་ངོ་སོ་རྡོག་རོལ་བཏང་བར་ངོ་རྒོལ་ཡོད་པའི་ཞུ་ཡིག་སྤྲད་ཡོད་ཀྱང་། སྲིད་གཞུང་ནས་མི་མང་གི་རེ་སྐུལ་ལ་དོ་ཁུར་ཅི་ཡང་མི་བྱེད་པར་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཡང་བསྐྱར་ཉེན་རྟོག་པ་མང་པོ་ཨ་ཁོ་རེས་ཡུལ་ཚོའི་ནང་དུ་བཏང་སྟེ། མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་བྱས་པ་དང་འབྲེལ། སྒྲ་དུང་(Loud Speaker)ནང་མི་མང་གིས་སྲིད་གཞུང་གི་ལས་གཞིར་འགོག་རྐྱེན་བཟོས་ན། འཛིན་བཟུང་བཀར་ཉར་དང་དངུལ་གྱི་ཉེས་ཆད་སོགས་ཆད་པ་ལྗིད་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བཀའ་རྒྱ་བསྒྲགས། ཡུལ་མི་ཚོས་མུ་མཐུད་དུ་གནས་རིར་སྲུང་སྐྱོབ་བྱེད་ཀྱི་ཡོད་ཀྱང་། སྲིད་གཞུང་གི་དྲག་གནོན་འོག་རྒྱུན་མཐུད་དེ་སྲུང་སྐྱོབ་ཐུབ་མིན་བརྗོད་ཁག་པོ་ཡིན་སྟབས། གསར་འགྱུར་བརྒྱུད་ལམ་ནས་སྲིད་གཞུང་གི་བྱ་སྤྱོད་རྣམས་རྒྱལ་སྤྱིའི་ཐོག་བསྒྲགས་ཏེ་དོ་ཁུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་གནད་དོན་འདིར་དོ་སྣང་ཆེན་པོས་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་བྱུང་།

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42276 བཀླགས་འདུག