Donate

གཙོད་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་པའི་སྐོར།

བོད་ཀྱི་གཙོད་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་ཕྱི་ལོ་ ༡༩༧༥ ལོར་ཐོག་མར་རིམ་པ་གཉིས་པའི་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་པ་དང༌། དེའི་རྗེས་ཕྱི་ལོ་ ༡༩༧༩ ལོར་རིམ་པ་དང་པོའི་གྲས་སུ་ཚུད། དེ་བཞིན་ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་གཙོད་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་གི་ཟིན་ཐོ་དམར་པོའི་ནང་ཚུད་ཡོད་པ་དང༌། རྒྱ་ནག་ལ་ཡང་བདག་མེད་སེམས་ཅན་ཁྲིམས་གཞིའི་འོག་རིམ་པ་དང་པོའི་སྲུང་སྐྱོབ་ཀྱི་གྲས་སུ་ཕྱི་ལོ་ ༡༩༨༩ ལོར་བཞག་པ་དང༌། གལ་སྲིད་རྔོན་རྒྱག་དགོས་ན་དབུས་གཞུང་ནས་བཀའ་ཁྲོལ་དགོས་ཀྱི་ཡོད་པ་རེད། རྒྱ་གར་ནང་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་ཕྱི་ལོ་ ༡༩༧༢ ལོར་བཞག་སྟེ་ཉོ་ཚོང་དང་རྔོན་རྒྱག་སོགས་བྱས་ན་ཁྲིམས་འགལ་དུ་བརྩི་བཞིན་ཡོད་པ་རེད། བལ་ཡུལ་གྱི་བདག་མེད་སེམས་ཅན་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ལྟར་ཕྱི་ལོ་ ༡༩༧༣ ལོར་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་བཞག་ཡོད། དབྱིན་ཇིའི་ལུང་པའི་ནང་བོད་ཀྱི་གཙོད་ཁུ་ལུས་བཟོས་པའི་གཟན་གོས་ཉོ་ཚོང་བྱེད་མཁན་ལ་ཁྲིམས་དམ་པོ་ཡོད་པས་དེའི་རིགས་ལ་ལོ་གཉིས་ལྷག་བཙོན་འཇུག་གི་ཁྲིམས་ཆད་ཕོགས་ཀྱི་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་གཙོས་པའི་ཡུལ་གྲུ་དང་རྒྱལ་ཁབ་སོ་སོས་བོད་ཀྱི་གཙོད་བདག་མེད་སེམས་ཅན་གྱི་ཁྲིམས་གཞིར་བཟུང་ལག་བསྟར་དང་བརྩི་སྲུང་བྱེད་བཞིན་ཡོད་པ་དང༌། བོད་ལ་མཚོན་ན་དམིགས་བསལ་གཙོད་སྐོར་ཁྲིམས་གཞི་མེད་ནའང་བདག་མེད་སེམས་ཅན་སྤྱིའི་ཁྲིམས་རི་རྒྱ་ཀླུང་རྒྱ་བསྡམས་པ་འམ་རི་ཀླུང་རྩ་ཚིག་ནང་རི་སྐྱེས་སྲོག་ཆགས་ཚང་མ་གཅིག་མཚུངས་ཀྱིས་བོད་ས་མ་ཤོར་བར་སྲུང་སྐྱོབ་ལག་བསྟར་བྱས་ཡོད་པ་རེད།།

ཐེངས་ 42194 བཀླགས་འདུག

Tagged: