Donate

གཡི་ངོ་སྤྲོད།

གཡི་ནི་འོ་འཐུང་དང་གཅན་གཟན་རིགས་སུ་གཏོགས་ཤིང༌། ཨེ་ཤི་ཡ་དང༌། ཡོ་རོབ། ཨ་མི་རི་ཀའི་གླིང་ཆེན་སོགས་སུ་འཚོ་གནས་བྱེད། ཨེ་ཤི་ཡའི་ནང་ནས་བོད་གཙོ་བོར་གྱུར་པའི་རྒྱ་དཀར་ནག་སོགས་སུ་འཚོ་གནས་བྱེད་ཅིང༌། དེའི་ནང་ནས་མང་ཆེ་བ་བོད་ལ་གནས་ཀྱི་ཡོད་པ་ངོས་འཛིན་བྱས། གཡི།

སྲོག་ཆགས་འདི་མཐོ་ཚད་མི་ཊར་ ༣༥༠༠ ལྷག་གི་ས་བབས་མཐོ་བའི་རྫ་དང༌། བྲག ཤིང་ནགས། སྤང་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་གནས། ཟས་སུ་བྱ་རིགས་དང༌། གླ་བ། བྲ་བྱི། རི་བོང༌། འཕྱི་བ་སོགས་རང་ཉིད་ལས་ཆུང་བའི་སྲོག་ཆགས་རིགས་བསད་དེ་བཟའ་ཡི་ཡོད། མཚམས་རེ་ར་ལུག་གི་རེའུ་དང་ལུ་གུ་སོགས་ལ་གནོད་འཚེ་བྱེད་ཀྱི་ཡོད།

མཚམས་རེ་ཉིན་མཚན་ཁ་ཤས་ཁ་ཟས་མི་བཟའ་བར་ཉལ་སྡོད་ཀྱི་ཡོད་པ་རེད། དེ་བཞིན་སྲོག་ཆགས་འདི་ཆུ་རྐྱལ་རྒྱག་རྒྱུ་དང་ཤིང་སྡོང་དང་བྲག་ལ་འཛེགས་རྒྱུར་མཁས། ལུས་པོའི་རིང་ཚད་ལ་སན་ཊི་མི་ཊར་ ༨༠ ནས་ ༡༡༥ བར་ཡོད་ཅིང༌། ལྗིད་ཚད་སྤྱི་རྒྱ་ ༡༨ ནས་ ༢༣ བར་ཡོད། རྐང་ལག་རིང་ལ་སྦོམ་པ་དང་སྡེར་མོ་རྣོ་ཞིང༌། མགོ་བོ་ཟླུམ་ལ་རྣ་བ་ཆེ་ཞིང་རྣ་རྩེ་རྣོ་པོ་ཡོད། རྔ་མ་ཐུང་ལ་རྔ་རྩེ་ནག་པོ་ཡིན།

སྤྱིར་ལུས་ཀྱི་སྤུ་མདོག་རྫ་སྐྱ་དང༌། ལྟོ་ངོས་དཀར་སྐྱ་ཡོད་པ་སོགས་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་འདུག ཡིན་ནའང་གཡི་ཡི་ལུས་པོར་ཁྲ་ཐིག་ཆུང་ཆུང་རེ་ཡོད་པ་དང༌། སྤུ་སྣ་རིང་ལ་འཐུག་པ་དང་ཁུ་ལུ་འཇམ་པོ་ཡོད། དུས་བཞི་ལ་སྤུ་མདོག་མི་འདྲ་བར་འགྱུར་འགྲོ་ཡི་ཡོད། གཡི་ནི་ལོ་ལྟར་ཕྱི་ཟླ་གསུམ་པ་བཞི་པའི་ནང་ཕོ་མོ་གྲུས་རྩ་ལངས་ཏེ་འཁྲིག་སྦྱོར་བྱེད་འགོ་ཚུགས། ཟླ་བ་གཉིས་ལྷག་སོང་རྗེས་གཡི་ཕྲུག་བཙའ། སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་ ༣ ནས་ ༤ བར་སྐྱེ་ཡི་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག གཡི་ཡི་ཚེ་ཚད་ལོ་ ༡༧ ལྷག་འཚོ་གནས་ཐུབ་ཀྱི་ཡོད་ཅིང༌། ད་ལྟའི་ཆར་གྲངས་འབོར་ནི་ཁྲི་ལྔ་ལྷག་ཡོད་པ་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།

སྤྱིར་འཛམ་གླིང་ནང་མི་འབོར་མང་དུ་འགྲོ་བཞིན་པར་བརྟེན། གཡི་ཡི་འཚོ་གནས་ཁོར་ཡུག་ཆུང་དུ་འགྲོ་ཡི་ཡོད་པ་མ་ཟད། ལྷག་པར་དུ་སྲོག་ཆགས་འདིའི་རིགས་ཀྱི་པགས་རིགས་མིའི་གྱོན་གོས་ཆེད་དགོས་མཁོ་ཆེ་བ་དང༌། བོད་མིའི་པགས་གོས་དང༌། གདན་གཡོག་སོགས་བཟོ་སྲོལ་ཡོད་པ་རེད། གཡི་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་གཉིས་པའི་ནང་བཞག་ཡོད་པ་དང༌། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྲུང་སྐྱོབ་བྱ་ཡུལ་གྲས་སུ་ཡོད་པ་རེད། རྒྱ་ནག་ནང་རིམ་པ་གཉིས་པའི་གྲས་དང༌། རྒྱ་གར་ནང་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།།

 

ཐེངས་ 42260 བཀླགས་འདུག