Donate

གསའ་འམ་གངས་གཟིག

གསའ་ནི་མཐོ་སྒང་དུ་མི་ཊར་ ༢༧༠༠ ནས་ ༦༠༠༠ བར་འཚོ་གནས་བྱེད་ཀྱི་ཡོད། འཚོ་གནས་ཀྱི་ཁྱབ་ཡུལ་མདོ་དབུས་ཁམས་གསུམ་གྱི་ས་ཆར་རི་མཐོ་རྫ་རི་དང༌། བྲག་རི། གངས་རི་སོགས་སུ་གནས་ཀྱི་ཡོད་པ་དང༌། སོག་པོ། རྒྱ་ནག ཨུ་རུ་སུ། རྒྱ་གར། པ་ཀི་སི་ཐན། ཤིན་ཅང་གི་ས་ཁུལ་ཁ་ཤས་ལ་ཡང་ཡོད་སྐད་གྲགས། གསའ་ངམ་གངས་གཟིགགཟུགས་ཀྱི་རིང་ཚད་གཟིག་རང་དང་འདྲ་པོ་ཡོད་པས་མཐོ་ཚད་ལ་ཕི་ཊི་ ༢ དང༌། རིང་ཚད་ལ་ཕི་ཊི་ ༣་༥ ནས་ ༤་༥ བར་ཡོད། ཕོའི་ལྗིད་ཚད་ལ་སྤྱི་རྒྱ་ ༥༥ ཙམ་དང༌། མོའི་ལྗིད་ཚད་ལ་སྤྱི་རྒྱ་ ༤༠ ཙམ་ཡོང་གི་ཡོད། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་ལྟར་ན་གསའ་ནི་ཚེ་ཚད་ལོ་ཉི་ཤུ་ལྷག་སྡོད་ཀྱི་ཡོད་པར་གྲགས།

གསའ་ཕོ་མོ་གྲུས་རྩ་ལངས་སྐབས་མ་གཏོགས་མཉམ་འཛོམས་བྱེད་སྲོལ་མེད་པ་དང༌། གྲུས་རྩ་ལངས་པའི་དུས་ནི་ཕྱི་ཟླ་ ༡ ནས་ ༣ བར་དང༌། ཕྱི་ཟླ་ ༦ ཙམ་ལ་གསའ་ཕྲུག་སྐྱེས་ཀྱི་ཡོད་པས། ཐེངས་རེ་ལ་གསའ་ཕྲུག་ ༢ ནས་ ༣ བར་སྐྱེ་འཕེལ་བྱེད་ཅིང་གསའ་ཕྲུག་ལྔ་ལས་ལྷག་མི་སྐྱེ། གསའ་ཕྲུག་མིག་ཕྱེ་བའི་དུས་ཚོད་ནི་བདུན་ཕྲག་གཅིག་རྗེས་ནས་ཡིན་པ་དང༌། ལུས་ཀྱི་སྤུ་རིང་ཞིང་མདོག་སྐྱ་ཙམ་དང་སྤུ་ཚགས་དམ། ལྟོ་ངོས་དཀར། རྔ་མ་རིང་ཞིང་སྦོམ། འཛམ་གླིང་ནང་གསའ་ཡི་གྲངས་འབོར་ཚོད་རྩིས་བྱེད་དུས་ ༣༥༠༠ ནས་ ༧༠༠༠ བར་ཡོད་ཅིང༌། དེའི་ནང་གྲངས་འབོར་མང་ཆེ་བ་སྟེ་ ༢༠༠༠ ནས་ ༥༠༠༠ བར་བོད་དང་རྒྱ་ནག་ནང་འཚོ་གནས་བྱེད་ཀྱི་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད།

སྔ་མོའི་དུས་སུ་གསའ་བོད་ལ་གྲངས་འབོར་མང་པོ་ཡོད་པ་དང༌། དེ་རྗེས་ལུས་ཀྱི་རུས་པ་རྒྱ་མིའི་སྨན་རྫས་དང་ཆང་ཐོན་སྐྱེད་བྱེད་རྒྱུ་སོགས་ལ་དགོས་མཁོ་ཆེ་བ་དང༌། པགས་པ་ནི་ནང་ལ་བཤམ་སྟོན་དང༌། གདན་གཡོག བོད་མིའི་གོས་རྒྱན་དུ་བེད་སྤྱོད་བྱེད་སྲོལ་ཡོད་པས་ཁྲིམས་འགལ་རྔོན་རྒྱག་མང་དྲགས་པ་དང༌། ད་ཆ་དེ་ཙམ་མང་པོ་མཐོང་རྒྱུ་མེད་པས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན།

ཕྱི་ལོ་ ༢༠༠༥ ལོར་རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཚོགས་པ་ཁག་བོད་དང་རྒྱ་ནག་ཏུ་རྟོག་ཞིབ་ཆེད་དུ་འགྲོ་སྐབས་ཀན་སུའུ་ཞིང་ཆེན་ལིན་ཤཱ་འམ་ཀ་ཆུ་ཁྲོམ་གཞུང་དུ་གཟིག་ལྤགས་ ༡༦༣ དང་གངས་གཟིག་གམ་གསའ་ཡི་པགས་པ་ ༦༠ ལྷག་དང༌། དེ་བཞིན་ལྷ་ས་སོགས་སུ་ཚོང་ཁང་མང་པོའི་ནང་གཟིག་དང་གསའ་ཡི་པགས་པ་བཙོང་གི་ཡོད་པ་མིག་མཐོང་ལག་ཟིན་བྱུང་ཡོད་པ་རེད། གསའ་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ཡོད་པ་དང༌། ཕྱི་ལོ་ ༢༠༠༣ ལོར་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་ཐོ་འགོད་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་ནངརིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་བཞག་ཡོད་པ་དང༌། རྒྱ་གར་ནང་ཡང་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་བཞག་ཡོད། གསའ་ནི་རྩ་ཆེན་སྲོག་ཆགས་ཤིག་ཏུ་བརྩི་བཞིན་ཡོད་པས་གསའ་ཡི་མིང་ཐོག་ཐེབས་རྩ་ཁང་ཞིག་ཀྱང་བཙུགས་ཏེ་སྲུང་སྐྱོབ་ཀྱི་ལས་དོན་བྱེད་བཞིན་པ་རེད།།

ཐེངས་ 42230 བཀླགས་འདུག