Donate

གོ་ལའི་ཚ་དྲོད་ཆུང་དུ་གཏོང་ཆེད་སྟོབས་ཆེན་རྒྱལ་ཁབ་ཁག་གི་གྲོས་ཆོད་བཞག་འདུག

འཛམ་གླིང་རྒྱལ་ཁབ་༡༩༥ ཡིས་ཧྤ་རན་སིའི་རྒྱལ་སར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མཐུན་བཞག་ཐུབ་པ་བྱུང་འདུག

1237དེ་ཡང་པེ་རི་སིར་བདུན་ཕྲག་གཉིས་རིང་འཛམ་གླིང་རྒྱལ་ཁབ་༡༩༥ ཡི་སྐུ་ཚབ་རྣམ། གོ་ལའི་ཚ་དྲོད་དང་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཏེ། ཟླ་འདིའི་ཚེས་༡༣ ཉིན་འཛུལ་ཞུགས་པ་ཡོངས་ཀྱིས། ཕྱི་ལོ་༢༠༢༠ ནས་དུག་རླུང་ཕྱིར་ཐོན་གྱི་ཚད་གཞི་ཆུང་དུ་གཏོང་འགོ་ཚུགས་ཏེ། གོ་ལའི་ཚ་དྲོད་སེལ་ཤི་ཡཱསི་༢ (Celsius) ཡི་འོག་ལ་གནས་རྒྱུར་འབད་བརྩོན་བྱ་རྒྱུ་དང། དེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་རྡོ་སོལ་སོགས་གོ་ལའི་ཚ་དྲོད་ཆེ་རུ་གཏོང་བའི་ལས་རིགས་ཉུང་དུ་བཏང་ནས། ལས་རིགས་གཞན་ལ་འཇུག་ཆེད་སྟོབས་ཆེན་རྒྱལ་ཁབ་ཚོས་ལོ་རེར་ཌོ་ལར་ཐེར་འབུམ་༡༠༠ རེའི་དཔལ་འབྱོར་མཐུན་འགྱུར་སྦྱར་རྒྱུ། ལོ་ལྔ་རིའི་མཚམས་སུ་ཡར་རྒྱས་ལ་དཔྱད་ཞིབ་བྱ་རྒྱུ་སོགས་མོས་མཐུན་བྱུང་སྟེ། སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་གྲོས་མཐུན་དེ་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཕར་རྒོལ་བྱེད་པའི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

ཨ་རིའི་སྲིད་འཛིན་བྷེ་རག་ཨོ་བྷ་མས་“གྲོས་མཐུན་དེ་ནི་ཕུག་བསམ་ལྡན་པ་དང་ལོ་རྒྱུས་རང་བཞིན་ལྡན་པ་རེད། འཛམ་གླིང་རྒྱལ་ཁབ་ཚང་མ་གཅིག་བསྒྲིལ་བྱས་ན་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ང་ཚོས་གསལ་པོ་བསྟན་ཡོད་པ་རེད།”ཅེས་གསུངས་འདུག་པ་དང། འོན་ཀྱང་ཁོང་གིས་གྲོས་མཐུན་དེ་ལག་ལེན་བསྟར་དགོས་པ་ལས་བག་གཡེང་བྱེད་མི་རུང་བའི་སྐོར་གསུངས་འདུག

ཕྱི་ལོ་༢༠༠༩ ལོར་ཌེན་མག་གི་རྒྱལ་སར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཞིག་འཚོགས་ཡོད་པ་དང། སྐབས་དེར་སྟོབས་ཆེན་རྒྱལ་ཁབ་ཚོས་ཡར་རྒྱས་འགྲོ་བཞིན་པའི་ལུང་པ་ཚོར། གོ་ལའི་ཚ་དྲོད་ཆུང་དུ་གཏོང་ཆེད་ཀྱི་དཔལ་འབྱོར་མཐུན་འགྱུར་བྱེད་རྒྱུ་ཁས་མ་བླངས་པས། དཔལ་འབྱོར་སྟོབས་ཤུགས་ཆུང་བའི་ལུང་པ་ཚོས་གྲོས་མཐུན་ལ་མིང་རྟགས་མ་བཀོད་པ་དང། ཕྱོགས་གཉིས་བར་སྐྱོན་འཛུགས་བྱས་ཏེ། ཚོགས་ཆེན་དེ་ལས་གྲུབ་འབྲས་གང་ཡང་ཐོན་མེད་པས། ལས་འགུལ་བ་དང་མི་མང་ཚོས་སྐྱོན་བརྗོད་དང་བློ་ཕམ་ཆེན་པོ་བྱས་ཡོད་པ་རེད།

འོན་ཀྱང་འདས་པའི་ལོ་༦ ནང་གོ་ལའི་ཚ་དྲོད་དང་ཁོར་ཡུག་གཏོར་སྐྱོན་གྱི་གནོད་འབྲས་ལས། ཆུ་ལོག་དང་ས་ཡོམ། ཚ་དྲོད་རྒྱས་པ་སོགས་བསྟུད་མར་བྱུང་བས། ལས་འགུལ་བ་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་པོས། ལོ་འདིའི་ཚོགས་ཆེན་དེ་གྲུབ་འབྲས་ཐོན་པ་ཡོང་ཆེད། སྔོན་ཚུད་ནས་ཕན་ཚུན་གྲོས་མོལ་མང་པོ་བྱས་ཏེ། ཐེངས་འདིའི་ཚོགས་ཆེན་ལ་གྲོས་མཐུན་བཞག་ཐུབ་པ་བྱུང་ཡོད་པ་རེད།།

བོད་ཀྱི་བང་ཆེན་ལས་དྲངས།

ཐེངས་ 42197 བཀླགས་འདུག