Donate

གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་རྒྱས་པའི་གནད་དོན།

གོ་ལའི་གནམ་གཤིས་འགྱུར་ལྡོག འཛམ་གླིང་ཡོངས་ཀྱི་ཁོར་ཡུག་དེ་འབག་བཙོག་ཅན་ཞིག་ཏུ་འགྱུར་བའི་གནད་དོན་དེ་ཧ་ཅང་གི་རྙོག་འཛིན་ཆེན་པོ་ཡིན། གོ་ལའི་ཁྱོན་གྱི་གནམ་གཤིས་ཇེ་དྲོར་འགྲོ་བཞིན་པ་དེ་དག་གནམ་གཤིས་ཉམས་ཞིབ་པ་དང་ཚན་རིག་པ་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༡༩༠༠ ནས་༢༠༠༠ བར་གོ་ལའི་དྲོད་ཚད་ཌིག་རེའི་སེལ་སེ་ ༠་༦ ཙམ་འཕར་ཡོད་པ་དང༌།

ཕྱི་ལོ་ ༡༩༠༦ ནས་ ༢༠༠༦ བར་དྲོད་ཚད་ཌིག་རེའི་སེལ་སེ་ ༠་༧༤ ཙམ་འཕར་ཡོད་པའི་འགྲེལ་བརྗོད་བྱས་ཡོད། གནམ་གཤིས་ཞིབ་དཔྱོད་པས་རླུང་ཁམས་ཀྱི་དྲོད་ཚད་ཆུང་ངུ་ཞིག་འཕར་ཡང་གནམ་གཤིས་ལ་འགྱུར་བ་ཚབས་ཆེ་འབྱུང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་ཡང་གོ་ལའི་ཚ་དྲོད་རྒྱས་ཤུགས་ཆེ་ཤོས་དེ་འཛམ་གླིང་གི་ལྷོ་སྣེ་དང་། བྱང་སྣེ། དེ་བཞིན་འཛམ་གླིང་གི་སྣེ་མོ་གསུམ་པར་འབོད་པའི་བོད་མཐོ་སྒང་དང་ཧི་མ་ལ་ཡའི་རི་བརྒྱུད་གསུམ་ལ་ཕོག་བཞིན་ཡོད། སའི་གོ་ལའི་དྲོད་ཚད་ཇེ་དྲོར་འགྲོ་བ་དང་བསྟུན་སྣེ་གསུམ་པོ་དེ་དག་གི་འཁྱགས་རི་རིམ་བཞིན་ཞུ་བས་རྒྱ་མཚོའི་ཆུ་ངོས་ཉིན་རེ་བཞིན་ཡར་འཕར་བཞིན་ཡོད།

ཚན་རིག་པ་ཚོས་ཚོད་དཔག་ལྟར་ན། གལ་ཏེ་གནམ་གཤིས་ཚ་དྲོད་ཀྱི་མྱུར་ཚད་ད་ལྟ་བཞིན་འཕར་བ་ཡིན་ན། རྒྱ་མཚོའི་ཆུ་ངོས་མཐོ་རུ་ཕྱིནཏེ་ཕྱི་ལོ་ ༢༠༥༠ ལོའི་ཡས་མས་སུ་གྲོང་ཁྱེར་མང་དག་ཅིག་རྒྱ་མཚོས་བསྣུབ་པའི་ཉེན་ཁ་ཡོད།

ཚ་དྲོད་རྒྱས་པའི་རྒྱུ་རྐྱེན།
འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་རྐྱེན་པས་རླུང་ཁམས་ Atmosphere ནང་ཉི་མའི་ཚ་དྲོད་འཛིན་པའི་རླུང་སྟེ་སོལ་རླུང་ Carbon
dioxide དང༌། ན་རླངས་ Methane དེ་བཞིན་ནཡེཊོ་རོ་སུ་ཨོགས་ཡེ་ཌེ་ Nitrous Oxide སོགས་འདུས་ཚད་མང་དྲགས་པར་བརྟེན་ནས་བྱུང་ཞིང༌། དྲོད་རླུང་དེ་དག་གི་ཁྲོད་ནས་ཀྱང་གཙོ་བོ་སོ
ལ་རླུང་གི་འདུས་ཚད་མང་དྲགས་པར་བརྟེན་ནས་བྱུང་བ་ཞིག་ཡིན།
སོལ་རླུང་གི་འབྱུང་ཁུངས་གཙོ་བ་་ནི།
༡༽ སྣུམ་འཁོར་གྱི་དུ་བ། གནས་ཚུལ་དཔྱད་གཞི་ཁག་ལྟར་ན། དེང་སྐབས་འཛམ་གླིང་ནང་སྣུམ་འཁོར་གྲངས་ ༨༣༠༠༠༠༠༠༠ ཙམ་ཟིན་ཡོད་ཅིང༌། སྣུམ་འཁོར་གྱི་དུ་བ་ནི་གོ་ལའི་ཚ་དྲོད་རྒྱས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
༢༽ བཟོ་གྲྭ་ཁག་ནང་དངོས་ཟོག་མང་པོ་བཟོ་སྐྲུན་བྱེད་པར་རྡོ་སོལ་དང་རྡོ་སྣུམ་སོགས་ཕོན་ཆེན་བེད་སྤྱོད་བྱེད་བཞིན་ཡོད་པས་སོལ་རླུང་ཕོན་ཆེ་ཕྱིར་དབྱུང་བྱེད་ཀྱིན་ཡོད།
༣༽ གློག་ཁང༌། རྡོ་སོལ་དང་ས་སྣུམ་གློག་ཁང་ཁག་ནས་གློག་ཤུགས་མཁོ་འདོན་བྱེད་སྐབས་སོལ་རླུང་ཕོན་ཆེ་ཕྱིར་གཏོང་བྱེད་པ་མ་ཟད།
ཆུ་ནུས་གློག་ཁང་ལས་ཀྱང་སོལ་རླུང་ཕོན་ཆེ་ཕྱིར་དབྱུང་བྱེད།
༤༽ ཤིང་ནགས་གཅོད་འབྲེག་གི་རྩི་ཤིང་དང་། ཤིང་སྡོང་རིགས་ཀྱི་སོལ་རླུང་རྣམས་སྲོག་རླུང་ངམ་འཚོ་རླུང་ (Oxygen) དུ་བསྒྱུར་ཏེ་མཁའ་རླུང་གཙང་སེལ་བྱེད་པས། ཤིང་ནགས་གཅོད་འབྲེག་བྱེད་པ་ནི་གོ་ལའི་ཚ་དྲོད་རྒྱས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད།
༥༽ གཏེར་ཁ་སྔོག་འདོན། གཏེར་ཁ་སྔོག་འདོན་སྐབས་ས་རྐོ་རྡོ་སློག་གིས་རྐྱེན་པས་སོལ་རླུང་སོགས་དྲོད་རླུང་ཕོན་ཆེ་ཕྱིར་དབྱུང་བྱེད་པ།
༢༽ གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་བོད་ལ་ཤུགས་རྐྱེན། བོད་མཐོ་སྒང་དང་ཧི་མ་ལ་ཡའི་རི་བརྒྱུད་ལ། སྣེ་གསུམ་པ། ཞེས་འབོད་ཀྱི་ཡོད། ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་དེ་ད་ལྟའི་ཆར་གནམ་གཤིས་འགྱུར་ལྡོག་དེས་ཁོར་ཡུག་ལ་དོ་ཕོག་བྱུང་བ་སོགས་ཀྱི་རྐྱེན་པས་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ “Intergovernmental Panel on
Climate Change” ཞེས་པའི་གླེང་སྟེགས་ལྟར་ན། ཧི་མ་ལ་ཡའི་འཁྱགས་རོམ་དེ་དག་མྱུར་པོའི་ཐོག་ཟད་འགྲོ་བའི་རྐྱེན་གྱིས་ཆུ་ལོག་ཆེན་པོ་ཡོང་བ་དང་དེ་རྗེས་ཐན་པ་ཧ་ཅང་ཆེན་པོ་ཡོང་གི་ཡོད་པའི་སྔོན་བརྡ་བཏང་ཡོད། གངས་རི་དང་འཁྱག་རོམ་མང་པོ་ཡོད་པར་བརྟེན་བོད་འདི་ཨེ་ཤི་ཡའི་རྒྱུག་ཆུ་ཆེན་པོ་ཁག་གི་འབྱུང་ཁུངས་ཆགས་ཐུབ་ཡོད། དེའི་ཉེར་ལེན་ལ་བརྟེན་ནས་འཛམ་གླིང་མི་འབོར་བརྒྱ་ཆ་ ༤༧ ཙམ་བོད་ནས་བྱུང་བའི་རྒྱུག་ཆུ་ཆེ་ཁག་ལ་རྟེན་ནས་འཚོ་གནས་བྱེད་བཞིན་ཡོད།

གཤམ་དུ་ང་ཚོའི་སེམས་འཚབ་ཡོད་པའི་མཐོ་སྒང་བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་ཁག་གཅིག་གསལ་ཡོད།
༡༽ བོད་ཀྱི་འཁྱགས་རོམ་རྣམས་བཞུ་བཞིན་པ།
སྤྱིར་བཏང་འཁྱགས་རོམ་རྣམས་བཞུ་ནས་མེད་པར་འགྱུར་བར་རིམ་པ་མི་འདྲ་བ་བཞི་ཙམ་ཡོད་པའི་ནང་ནས་བོད་ཀྱི་འཁྱགས་རོམ་བཞུ་ཚད་དེ་རིམ་པ་ཐ་མར་སླེབས་ཡོད་པ་དང༌། གནམ་གཤིས་དཔྱད་ཞིབ་པས་ཞིབ་འཇུག་བྱས་པར་གཞིགས་ན། བོད་ནང་འཁྱགས་རོམ་༤༦༠༠༠ ཙམ་ཡོད་ཀྱང་འདས་པའི་ལོ་ ༡༠༠ ཙམ་ནང་བོད་ཀྱི་འཁྱགས་རོམ་གྱི་བརྒྱ་ཆ་
༣༠ ཙམ་བཞུར་ཟིན་ཡོད།
འདས་པའི་ལོ་ ༡༠ རིང་བོད་ཀྱི་ཇོ་མོ་གླང་མའི་བཞུ་ཚད་དེ་མི་ཊར་༡༧༠ ཟིན་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ད་ལྟའི་གོ་ལའི་ཚ་དྲོད་འཕར་ཚད་མུ་མཐུད་གནས་ཚེ་ཕྱི་ལོ་ ༢༠༣༠ བར་བོད་ཀྱི་གངས་རི་ཡོད་ཚད་བཞུ་རྒྱུའི་མཚམས་སུ་སླེབས་ཡོད།
༢༽ རྩྭ་ཐང་བྱེ་སར་འགྱུར་བ།
འདས་པའི་ལོ་ ༡༥ རིང་བོད་མཐོ་སྒང་གི་རྩྭ་ཐང་བརྒྱ་ཆ་ ༡༥ སྐམ་ཟིན་པ་ཤེས་རྟོགས་བྱུང་ཡོད་ཅིང༌། རྩྭ་ཐང་བྱེ་སར་གྱུར་བར་བརྟེན་འབྲོག་པ་རྣམས་ཀྱི་འཚོ་རྟེན་བརླག་པ་དང༌། རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་
རྩི་ཤིང་རིགས་འཚོ་གནས་མི་ཐུབ་པའི་ཉེན་ཁ་ཡོད།
༣༽ གཏན་འཇགས་འཁྱགས་ས་བཞུར་བཞིན་པ།
འཛམ་གླིང་འདིའི་སོལ་རླུང་གི་གསུམ་ཆ་གཅིག་ལྷག་བོད་ཀྱི་གཏན་འཇགས་འཁྱགས་སའི་ནང་གསོག་ཉར་བྱས་ཡོད་ཅིང༌། འཁྱགས་ས་བཞུ་བར་བརྟེན་སོལ་རླུང་ཕོན་ཆེ་ཕྱིར་ཤོར་བྱེད་བཞིན་ཡོད།
༤༽ འདས་པའི་ལོ་༡༥ རིང་བོད་ཀྱི་བརླན་སའི་བཞི་ཆ་གཅིག་ཙམ་སྐམ་ཟིན་པས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་ཡོད།
༥༽ འཁྱགས་རོམ་རྣམས་བཞུ་བས་སྔར་མེད་ཀྱི་མཚོ་དང་མཚེའུ་མང་པོ་ཆགས་པ་རྣམས་བརྡོལ་ཏེ་ཆུ་ལོག་གི་ཉེན་ཚབས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།
འགོག་ཐབས།

འདས་པའི་ནང་རྒྱལ་སྤྱིའི་ཐོག་གནམ་གཤིས་འགྱུར་ལྡོག་ལ་ཚོད་འཛིན་བྱ་ཆེད་སྲིད་ཇུས་རིམ་པ་གཏན་འབེབས་དང་གྲོས་ཆོད་བཞག་པ་སོགས་བྱ་ཐབས་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན་ལ། འདི་ལོའི་ཟླ་ ༡༢
ནང་ཌན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་སྐབས་བཅོ་ལྔ་པ་འཚོག་འཆར་ཡོད་ཀྱང༌། ང་ཚོས་སོ་སོའི་ཉིན་རེའི་བྱ་སྤྱོད་ལ་འགྱུར་བ་མ་བཏང་ཚེ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འདི་བཞིན་ཇེ་ཆེར་འགྲོ་རྒྱུ་
ཉག་ཅིག་ལ་བརྟེན་ཚང་མས་གང་ཐུབ་ཅི་ནུས་ཀྱིས་གཤམ་གསལ་དོན་གནས་རྣམས་ཕྱག་བསྟར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
གང་ཐུབ་ཀྱིས་རྐང་ཐང་ངམ་སྤྱི་སྤྱོད་འགྲུལ་འཁོར་དུ་ཕེབས་རྒྱུ།
གློག་ཤུགས་གྲོན་ཆུང་བྱ་རྒྱུ། བེད་སྤྱོད་མེད་ཚེ་གློག་གསོད་རྒྱུ་དང༌། དེ་མིན་ནུས་ཚད་ལྡན་ལ་འགྲོ་སོང་ཆུང་བའི་མཐོན་ཚར་ཅན་གྱི་ཤེལ་རྡོག compact fluorescent
light bulb (CFL) བེད་སྤྱད་དེ་ཤེལ་རྡོག་རྙིང་པ་རྣམས་བརྗེ་དགོས།
ལྗོན་ཤིང་བཏབ་པ་དང་རང་བྱུང་ཁོར་ཡུག་ལ་བརྩི་བཀུར་སྲུང་སྐྱོབ་གནང་རྒྱུ།
གྱིག་ཤོག་སོགས་རུལ་མི་ཐུབ་པའི་དངོས་པོའི་རིགས་བེད་སྤྱོད་བྱ་མི་རུང༌།
གད་སྙིགས་ཉུང་དུ་གཏོང་བའི་རྩ་དོན་གསུམ་སྟེ། ཉུང་སྤྱོདདང་། བསྐྱར་སྤྱོད། བསྒྱུར་སྤྱོད་གསུམ་པོ་དེ་དག་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གང་ཐུབ་ཡོང་བའི་འབད་རྩོན་གནང་བརྒྱུ།
དེ་བཞིན་གད་སྙིགས་མེར་བསྲེགས་མི་གཏོང་བའི་ཁས་ལེན་ཞུ་རྒྱུ།
མདོར་ན། ཁོར་ཡུག་དང་མཐུན་སྦྱོར་ལྡན་པའི་འཚོ་བ་སྐྱེལ་ཏེ་འབྱུང་འགྱུར་མི་རབས་ཀྱི་ཆེད་དུ་གོ་ལ་འདི་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42285 བཀླགས་འདུག