Donate

གླ་བའི་སྐོར།

སྲོག་ཆགས་གླ་བ་ནི་ཨེ་ཤི་ཡའི་གླིང་ཆེན་ནང་འཚོ་གནས་བྱེད་ཅིང༌། དེའི་ནང་ནས་ས་མཐོ་བོད་ཀྱི་ས་ཆ་གང་སར་གནས་ཀྱི་ཡོད། ཚན་རིག་པས་བཤད་སྲོལ་ལྟར་ན་གླ་བ་ནི་རི་དྭགས་ཀྱི་ནང་ནས་ཤྭ་བའི་རིགས་སུ་གཏོགས་པ་དང༌། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་ལྟར་ན་སྲོག་ཆགས་གླ་བ་ལ་ནང་གསེས་རིགས་བཞི་ཡོད། དེ་དག་ནི་བོད་ཀྱི་གླ་བ་དང༌། གླ་བ་ཁྲ་ཐིག ནགས་གླ། ཧི་མ་ལ་ཡའི་གླ་བ་སོགས་ཡིན་པ་བཤད་འདུག

གླ་བ།སྤྱིར་གླ་བ་ནི་རྒྱ་གར་དང༌། རྒྱ་ནག པ་ཀི་སི་ཐན། སོག་པོ་སོགས་ཀྱི་ས་ཆ་མང་པོར་འཚོ་གནས་བྱེད་ཅིང༌། གོང་གསལ་གླ་བ་རིགས་དེ་ཚོ་ཚང་མ་བོད་ནང་གནས་ཀྱི་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག ད་དུང་བོད་ཀྱི་གླ་བ་ནི་བོད་ཁོ་ནར་མ་གཏོགས་མེད་པ་བཤད་འདུག

གླ་བ་ནི་བྲག་དང་ཤིང་གསེབ་སོགས་སུ་ཁེར་རྐྱང་དང་ཁ་ཐོར་དུ་གནས་ཀྱི་ཡོད་པ་དང༌། གླ་བའི་ཟས་སུ་གཙོ་བོ་སྔོ་ཟས་དང་རྩི་ཤིང་ཁོ་ནར་འཚོ་རྟེན་བྱེད། ཞོགས་དགོང་ཁ་ཟས་འཚོལ་དུ་འགྲོ་བ་དང་ཉིན་གུང་ཉལ་ནས་སྡོད་ཀྱི་ཡོད། གླ་བའི་གཟུགས་པོའི་མཐོ་ཚད་ལ་སན་ཊི་མི་ཊར་ ༥༥ ཙམ་དང༌། རྔ་མ་བར་དུ་རིང་ཚད་ལ་ཕི་ཊི་ ༢་༨ ནས་ ༣་༣ བར་དང༌། གླ་བ་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་ ༡༠ ནས་ ༡༨ བར་ཡོད།

གླ་བ་རིགས་བཞི་དེ་དག་ཁྱབ་ཡུལ་སྐོར་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་ལྟར་ན་བོད་ཀྱི་གླ་བ་རྒྱ་མཚོའི་ངོས་ཀྱི་མི་ཊར་ ༣༠༠༠ ནས་ ༤༥༠༠ བར་བོད་ཆོལ་གསུམ་ཁྱོན་ཡོངས་ཀྱི་ས་ཁུལ་གང་སར་འཚོ་གནས་བྱེད་བཞིན་ཡོད་པ་དང༌། དེ་བཞིན་གླ་བ་ཁྲ་ཐིག་ནི་རྒྱ་མཚོའི་ངོས་ནས་མི་ཊར་ ༢༠༠༠ མན་གྱི་ས་ཁུལ་མདོ་སྟོད་སྨད་ཁུལ་གྱི་རོང་མཚམས་དང༌། རྒྱ་ནག ནང་སོག་བཅས་སུ་འཚོ་གནས་བྱེད། ནགས་གླ་ནི་རྒྱ་མཚོའི་ངོས་ཀྱི་མི་ཊར་ ༡༥༠༠ ནས་ ༢༠༠༠ ཙམ་གྱི་ཤིང་ནགས་སུ་གནས་ཤིང༌། བོད་ཀྱི་ཤར་ལྷོ་རོང་མཚམས་ས་ཁུལ་དང༌། རྒྱ་ནག་སོགས་སུ་འཚོ་སྡོད་བྱེད། ཧི་མ་ལ་ཡའི་གླ་བ་ནི་བོད་ཀྱི་ལྷོ་ཕྱོགས་རོང་མཚམས་ས་ཁུལ་དང༌། བལ་ཡུལ། འབྲས་ལྗོངས་སོགས་ཧི་མ་ལ་ཡའི་རི་རྒྱུད་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་རེད་ཅེས་འཁོད་འདུག

དེ་བཞིན་ཧི་མ་ལ་ཡའི་གླ་བ་རིགས་དེ་རྒྱ་གར་དང༌། པ་ཀི་སི་ཐན་སོགས་ལྷོ་ཤར་ཨེ་ཤི་ཡ་གང་སར་ཁྱབ་ཡོད། གླ་བའི་གྲུས་རྩ་ནི་ལོ་གཅིག་དང་ཕྱེད་ཙམ་སླེབས་དུས་ལངས་ཀྱི་ཡོད་པ་དང༌། དེ་ཡང་ཕྱི་ཟླ་ ༡༡ ནས་དང་པོ་བར་ལ་ཡིན། སྐབས་དེ་དུས་ཕོ་མོ་གཉིས་ཀ་མཉམ་འཛོམས་བྱས་ཏེ་སྡེབ་སྦྱོར་བྱེད། མངལ་སྦྲུམ་གྱི་དུས་ཡུན་ཟླ་བ་གསུམ་ལྷག་ཙམ་ཡིན་པ་དང༌། དེ་ཡང་ཕྱི་ཟླ་ ༥ ནས་ ༦ བར་ན་སྐྱེ་འཕེལ་བྱེད་བཞིན་ཡོད། ཐེངས་རེ་ལ་གླ་ཕྲུག་གཅིག་ཙམ་སྐྱེ་འཕེལ་བྱེད་ཅིང་མཚམས་རེ་གཉིས་ཙམ་སྐྱེ་ཡི་ཡོད།

གླ་བ་ཕོ་ཁའི་ཕྱི་ལ་དོན་ཡོད་པའི་མཆེ་བ་རིང་པོ་གཉིས་ཡོད། མོ་གླ་ལ་མཆེ་བ་ཡོད་ཀྱང་ཕོ་ནང་བཞིན་རིང་པོ་མེད་པ་དང་ཁའི་ཕྱི་རུ་དོན་མེད། ལུས་ཀྱི་སྤུ་མདོག་ནི་རྫ་མདོག་དང༌། མཆིན་མདོག ཁམ་ནག་སོགས་ཡོང་གི་ཡོད་ལ། སྤུ་ཚགས་དམ་པོ་དང་སྤུ་སྣ་ཅུང་རིང་ཙམ་ཡོད། སྤྱིར་དུས་བཞི་འགྱུར་འགྲོས་ལ་བརྟེན་ནས་སྤུ་མདོག་འགྱུར་བ་འགྲོ། གླ་བའི་སྐོར་གྱི་བཤད་པ་ཚིགས་བཅད་ཅིག་ཡོད་པ་འདི་ལྟར། གླ་ཐེ་སེ་ཐེ་སེ་བྲག་ལ་ཐེ། གླ་ལྤགས་རྒྱལ་མོ་དར་ལ་ཐེ། གླ་རྩི་བཟང་དྲུག་སྨན་ལ་ཐེ། རྣ་ཅོག་གཙུག་གཙུག་དྲེལ་ལ་ཐེ། གླ་སྣ་རྡོག་རྡོག་ཁྱི་ལ་ཐེ། མཆེ་བ་དམར་ཡག་སྟག་ལ་ཐེ། ཅེས་བོད་ཀྱི་ཡུལ་ལུང་འགའི་ཁ་རྒྱུན་དུ་འདི་ལྟར་བཤད་སྲོལ་ཡོད།

གླ་བ་ཕོ་ལ་གླ་རྩི་ཞེས་པ་རིན་ཐང་ཆེ་བ་ཞིག་ཡོད་ཅིང་དེ་ནི་སྨན་དང་དྲི་ཞིམ་ཆུ་གཏོར་གྱི་རྫས་ནང་མེད་དུ་མི་རུང་བ་ཞིག་ཡིན་པ་དང༌། དེར་བརྟེན་མིའི་དགོས་མཁོ་དང་འདོད་རྔམ་ལ་བརྟེན་ནས་གླ་བ་ཆེས་མང་པོ་རྔོན་རྒྱག་དང་གླ་རྩིའི་ཆེད་དུ་གླ་བ་མང་པོ་ཚེ་སྲོག་ཤོར་གྱི་ཡོད། དོན་དངོས་ཐོག་གླ་རྩི་ནི་ཕོ་ལ་མ་གཏོགས་མེད་ཀྱང་རྔོན་རྒྱག་སྐབས་ཕོ་མོ་དབྱེ་འབྱེད་མ་ཐུབ་པར་གཉིས་ཀའི་ཚེ་སྲོག་ཤོར་གྱི་ཡོད། གླ་བ་རྔོན་རྒྱག་ཐུབ་པ་ཙམ་གྱིས་གླ་རྩི་རག་པའི་ངེས་པ་མེད་ཅིང༌། གལ་སྲིད་གླ་བ་ཁོ་རང་གསོད་མཁན་ཡིན་པ་ཧ་གོ་ན་རྨེན་ཁུག་བེད་མེད་དུ་བཟོ་ཡི་ཡོད་པ་དང༌། གླ་རྩི་བོད་སྨན་ནང་ལ་དགོས་མཁོ་ཆེས་ཆེན་པོ་ཡོད། གླ་ལྤགས་དང་གླ་སྤུ་ཡང་མཁོ་སྤྱོད་ཆེན་པོ་ཡོད།

གླ་སྤུའི་གདན་བཟོ་སྲོལ་ཡོད་པས། གླ་འབོལ་ཞེས་རྩ་ཆེན་དུ་བརྩི། གླ་ལྤགས་རྒྱུན་བུ་དང་ཁུག་མ་སོགས་བཟོ་སྲོལ་ཡོད། གནའ་སྔ་མོར་གླ་རྩི་སྣག་ཚའི་ནང་བླུགས་སྲོལ་ཡོད་པ་དང༌། དེ་ལ་གླ་རྩི་དྲི་བཟང་སྣ་ཚ་ཞེས་ཟེར་ཞིང༌། ཡི་གེ་སོགས་རྒྱུན་རིང་ཉར་ཚགས་དགོས་རིགས་ལ་ཤོག་བུ་འབུས་མི་བཟའ་བ་དང༌། རུལ་བ་སོགས་མི་ཡོང་བའི་དགེ་མཚན་ལྡན་ཡོད་པ་གྲགས། སྤྱིར་གླ་རྩི་ལ་ལྗིད་ཚད་གྷེ་རམ་ ༢༨ ཙམ་ལས་མེད། གླ་རྩི་སྤྱི་རྒྱ་གཅིག་དགོས་ན་གླ་བ་དྲུག་ཅུ་ཙམ་རྔོན་རྒྱག་བྱེད་དགོས་ཀྱི་ཡོད།

བོད་ཀྱི་གླ་བའི་གླ་རྩི་ནི་ཡག་ཤོས་བརྩི་ཡི་ཡོད། སྲོག་ཆགས་གླ་བ་ནི་ཆེས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང༌། ཕྱི་ལོ་ ༡༩༥༠ སྔོན་ལ་བོད་དང་རྒྱ་ནག་ནང་གླ་བ་ས་ཡ་གཉིས་གསུམ་ཙམ་གནས་ཀྱི་ཡོད་པར་གྲགས། ད་ཆར་འབུམ་གཉིས་ལྷག་ཙམ་ལས་མེད་པ་ངོས་འཛིན་བྱེད་བཞིན་ཡོད། གླ་བ་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཟུར་རྒྱན་དང་པོའི་གྲས་སུ་བཞག་ཡོད་པ་རེད། རྒྱ་དཀར་ནག་གཉིས་ནང་སྲུང་སྐྱོབ་རིམ་པ་དང་པོའི་གྲས་སུ་ཡོད་པ་དང༌། གླ་བ་གནས་ཡུལ་རྒྱལ་ཁབ་གཞན་ལ་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་ལྟར་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།།

གླ་བའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
1 རང་བྱུང་ཁམས་ཀྱི་མཐོང་ཐོས་ངོ་མཚར་ཅན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༢P.23-25
2 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.136-144
3 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.335
4 ས་མཐོའི་ཕྱུགས་རིགས་ཐོན་རྫས་ཤེས་བྱ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་༡༩༨༥། P.96,97
5 The Engangered Mammals of Tibet (DIIR Publicatlion 2005) P.28-30
6 Microsoft Encarta Reference Library 2006

ཐེངས་ 42272 བཀླགས་འདུག