Donate

ང་ཚོའི་ས་ཆར་ལག་པ་འཆང་མི་ཆོག

རྒྱ་གཞུང་གིས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཁོངས་ཀྱི་གནས་རི་ཞིག་ཏུ་གཏེར་ཁ་བསྔོག་འཆར་ཡོད་པར་ས་གནས་མི་མང་གིས་ངོ་རྒོལ་བྱས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུགChamdo of Tibetདྷ་སར་གནས་སྡོད་ལམ་བཟང་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་གཞུང་གིས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཨ་དབོང་གྲོང་ཚོའི་ཉེ་འཁྲིས་སུ་མི་ནི་ཟེར་བའི་གནས་རི་ཞིག་ཡོད་པ་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་འཆར་ཡོད་ཀྱང་། ས་གནས་མི་མང་གིས་མི་ནི་གནས་རི་ནི་ཡུལ་དེའི་གནས་རི་རྩ་ཆེན་ཞིག་ཡིན་པས། གཏེར་ཁ་སྔོག་འདོན་བྱས་ན་འགྲིག་ཐབས་མེད་པའི་རེ་སྐུལ་ཞུས་ཏེ་ངོ་རྒོལ་བྱས་པར་བརྟེན། གནས་སྐབས་སུ་ལས་གཞི་དེ་བཀག་འགོག་བྱེད་ཐུབ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན་ནས་བཟུང་ས་གནས་སྲིད་གཞུང་གིས། ཡུལ་དེའི་ནང་ཆུ་ཚན་ཞིག་ཡོད་པ་དེར་ཆུ་རགས་བརྒྱབ་ནས་དཔལ་འབྱོར་གྱི་ཡོང་ཁུངས་ཤིག་བཟོ་རྒྱུ་ཡིན་པ་དང་། དེ་ལས་བྱུང་བའི་ཡོང་སྒོ་རྣམས་ཡུལ་མིར་སྤྲོད་རྒྱུ་ཡིན་ཚུལ་བརྗོད་དེ་མི་མང་གིས་མོས་མཐུན་བྱས་ཡོད་འདུག

ཕྱིས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་དམིགས་ཡུལ་བཟུང་སྟེ་མི་ནི་གནས་རིའི་ཉེ་འདབས་སུ་ལམ་ཀ་བཟོ་རྒྱུའི་འཆར་གཞི་བཟོས་པར་བརྟེན། མི་མང་གི་འཐུས་མི་བཅུ་ཙམ་ས་གནས་སྲིད་གཞུང་ལ་ཞུ་གཏུག་བྱེད་དུ་ཕྱིན་སྐབས། གྲོང་ཚོའི་མགོ་ཁྲིད་ཀྱིས་ལས་གཞི་དེ་གོ་འཇོ་རྫོང་གི་རྫོང་དཔོན་ནོར་བུ་དོན་གྲུབ་ཀྱི་བཀའ་ཡིན་སྟབས། ཁྱེད་ཚོ་ཁ་བཙུམ་ནས་སྡོད། དངུལ་དགོས་ཚེ་ག་ཚོད་དགོས་ཀྱང་སྤྲད་ཆོག་གི་རེད་ཅེས་བརྗོད་སྐབས། མི་མང་འཐུས་མི་ཚོས་ང་ཚོར་དངུལ་མི་དགོས། ང་ཚོའི་ས་ལ་ལག་པ་འཆང་མི་ཆོག་ཅེས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་བརྟེན། ཉེན་རྟོག་པ་ཡོང་ནས་མི་མང་གི་འཐུས་མི་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད། ལམ་ཁ་བཟོ་བའི་ལས་གཞི་འགོ་འཛུགས་བྱས་ཡོད་སྟབས། ས་གནས་མི་མང་དང་ཉེན་རྟོག་པ་བར་འཁྲུག་འཛིང་ཤོར་ཏེ་བོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་དང་། སྲིད་གཞུང་གི་སྨན་ཁང་ནས་རྨས་མ་ཚོར་བདག་པོ་མ་བརྒྱབ་པར་སྒེར་གྱི་སྨན་པ་ཁག་གཅིག་ལ་བསྟེག་གཏུག་བྱེད་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་འདུག

གོང་གི་གནས་ཚུལ་དེ་དག་བྱུང་རྗེས། ལྷ་སར་ཡོད་པའི་གོ་འཇོ་བའི་ཚོང་པ་འགའ་ཞིག་གིས་ལྷ་སའི་ཆབ་མདོའི་དོན་གཅོད་ལ་ཞུ་གཏུག་བྱས་ཏེ། གལ་སྲིད་མི་མང་གི་ཞུ་གཏུག་ལ་མ་ཉན་པར་མུ་མཐུད་གཏེར་ཁ་སྔོག་འདོན་ཆེད་ལམ་ཁ་བཟོ་བ་སོགས་བྱས་ཚེ། རྒྱ་ནག་དབུས་གཞུང་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ད་ལྟའི་ཆར་ལམ་ཀ་བཟོ་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ལྷ་སར་ཡོད་པའི་གོ་འཇོ་བའི་ཚོང་པ་ཚོ་འཇུ་བཟུང་བྱེད་བཞིན་ཡོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ། 

ཐེངས་ 42245 བཀླགས་འདུག