Donate

ང་ཚོས་སྟག་རུས་ལས་སྟག་པགས་ཉོ་ཚོང་བཀག་འགོག་བྱེད་བཞིན་མེད་ཟེར།

བྷི་བྷི་སིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔའི་རིང་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝའི་(Geneva)ནང་འཚོགས་པའི་<<འཇིགས་ཉེན་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་>> (CITES) ལྷན་ཚོགས་ཐེངས་ ༦༥ པའི་ཐོག རྒྱ་ནག་གཞུང་གིས་སྟག་པགས་ཉོ་ཚོང་བཀག་འགོག་ཐད་ནུས་ཤུགས་ག་ཚོད་བཏོན་གིན་ཡོད་མེད་དྲི་བ་བཏོན་པས། Photo of Citesསྐབས་དེར་རྒྱ་ནག་གི་འཐུས་ཚབ་ཀྱིས་”ང་ཚོས་སྟག་གི་པགས་པ་བཀག་འགོག་བྱེད་བཞིན་མེད་ཀྱང་ང་ཚོས་སྟག་གི་རུས་པ་ཉོ་ཚོང་བཀག་འགོག་བྱེད་བཞིན་ཡོད་”ཅེས་འགྲེལ་བརྗོད་བྱས་ཡོད་འདུག
དེ་སྔོན་རྒྱ་ནག་གཞུང་གིས་<<འཇིགས་ཉེན་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་>>ལྷན་ཚོགས་ཐོག་སྙན་ཐོ་རྩ་བ་ནས་བཏོན་མྱོང་མེད་ཀྱང་། ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་མི་བརྗོད་འདོད་མེད་པ་ཞིག་གིས། ཐེངས་འདིར་རྒྱ་ནག་གི་ལན་འདེབས་དེའི་ཐོག་ནས་རྒྱ་ནག་ནང་ཁྲིམས་འགལ་གྱི་བདག་མེད་རི་སྐྱེས་སྲོག་ཆགས་ཉོ་ཚོང་བཀག་འགོག་ཐད་མི་འདང་བའི་ཆ་གསལ་བཏོན་བྱས་ཡོད་ཅེས་གསུངས་འདུག
ཉིན་ཤས་རྗེས་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཆིངས་ཀང་གིས་བྷི་བྷི་སིའི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པར། ལྷན་ཚོགས་དེའི་ཐོག་སྙན་ཐོ་དེ་འདྲ་ཞིག་བཏོན་ཡོད་མེད་ངེས་གཏན་མེད་ཀྱང་། མ་འོངས་པར་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་སྟག་གི་པགས་པ་ཉོ་ཚོང་ཐད་ཞིབ་དཔྱོད་དང་རྒོལ་རྡུང་ནན་མོ་གཏོར་རྒྱུ་ཡིན་ཞེས་ལན་འདེབས་བྱས་འདུག
ད་ལྟའི་ཆར་རྒྱ་ནག་ནང་ཁྱོན་སྟག་ ༥༠༠༠ ནས་ ༦༠༠༠ བར་བཙོན་ཉར་བྱས་ཡོད་པའི་ཚོད་དཔག་བྱས་ཡོད་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ (Wildlife Conservation Organisations) ཁག་གིས་རྒྱ་ནག་ནང་སྟག་པགས་ཉོ་ཚོང་མཚམས་འཇོག་བྱེད་དགོས་པའི་དུས་ཡུན་རིང་པོ་ཞིག་གི་རིང་དགོས་འདུན་བཏོན་བཞིན་ཡོད་པ་རེད།
བོད་ནི་འཛམ་གླིང་ཐོག་སྐྱེས་དངོས་སྣ་ཁ་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པ་དང་། ད་ལྟའི་ཆར་བོད་ལ་རི་སྐྱེས་རྩི་ཤིང་རིགས་ ༩༦༠༠ ལྷག་ཙམ་ཡོད་པ་ལས་་་<<འཇིགས་ཉེན་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་>>(CITES)ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་རྩ་ཆེ་དང་། འཇིགས་ཉེན་གྱི་ཐོ་གཞུང་ནང་ཚུད་པའི་རྩི་ཤིང་རིགས་ ༣༩ ཡོད་པས་མ་ཚད་བོད་ཀྱི་ས་ཁུལ་དུ་སྒལ་རུས་ཡོད་པའི་སྲོག་ཆགས་ ༧༩༨ དང་། སྲིན་འབུའི་རིགས་ ༤༠༠༠ ཡོད་པའི་ནང་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེ་དང་། འཇིགས་ཉེན་གྱི་ཐོ་གཞུང་ནང་ཚུད་པའི་སྲོག་ཆགས་གྲངས་ ༡༢༥ ཡོད་པ་རེད།
སེ་ཊིས་ (CITES) <<འཇིགས་ཉེན་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་>>(the Convention on International Trade in Endangered Species of Wild Fauna and Flora) ནི་ཕྱི་ལོ་ ༡༩༦༠ ལོར་གསར་འཛུགས་བྱས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་དབར་གྱི་སྤྱི་ཆིངས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཚོང་དོན་ནང་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་འཚོ་གནས་འཇིགས་ཉེན་ལས་སྐྱོབ་ཐབས་བྱ་རྒྱུ་དེ་ཡིན།
ད་ལྟའི་ཆར་ལྷན་ཚོགས་དེར་ཚོགས་མི་ཚོགས་སྡེ་ཁག་ ༡༨༠ ཙམ་ཡོད་པ་དང་། གོ་ལའི་ཁྱོན་དུ་<<འཇིགས་ཉེན་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས་>>གི་ཐོ་གཞུང་ནང་ཚུད་པའི་འཇིགས་ཉེན་ཅན་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་གྲངས་ ༣༥་༠༠༠ ཙམ་ཡོད་འདུག

 

ཐེངས་ 42206 བཀླགས་འདུག