Donate

ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཤིག་ཆགས་སུ་འཇུག་དགོས།

རང་ཉིད་གང་དུ་གནས་ཀྱང་རང་འགན་རང་གིས་ལེན་མཁན་ཞིག་ལ་མཚོན་ན་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཚུལ་གྱི་གཏམ་བཤད་ཀྱང་ཡ་མཚར་བ་ལས་དུས་ཚོད་བརླག་པའི་རྒྱུ་རུ་འགྱུར་ངེས་མོད་ཀྱང་། རང་ཅག་བོད་པ་དག་ནི་ས་ཡན་ནས་རང་དབང་དུ་བསྡད་དེ་ཁོར་ཡུག་ལ་མི་གནོད་པའི་དངོས་རིགས་བེད་སྤྱོད་ཀྱིས་ད་ལྟའི་བར་སོང་བས་དེང་དུས་ཀྱི་རྫས་རིགས་བེད་སྤྱད་ཀྱང་དེས་ཁོར་ཡུག་ལ་རྨ་འབྱིན་བྱེད་ཀྱིན་པའི་གནས་ལུགས་ལ་དེ་ཙམ་ཁ་ཡ་མི་བྱེད་མཁན་དུ་གྱུར་ཡོད།

བསམ་བློ་འདིའི་རྩ་བ་ཡང་དེང་རབས་རང་བཞིན་གྱི་ཤེས་རིག་སློབ་གསོ་མ་དར་བའི་ཉེར་ལེན་ལས་བྱུང་བ་ཁོ་ཐག་ཡིན་པ་དེ་ལྟར་ན་ཡང་། འཛམ་གླིང་གི་ཡང་རྩེ་ན་འཚོ་སྡོད་བྱེད་མཁན་གྱི་མི་རིགས་འདིར་མཚོན་ན་དུས་རབས་ རང་བཞིན་གྱི་འགན་ཁུར་རླབས་ཆེན་ཞིག་ཡོད་པ་ནི་རི་མཐོ་ས་གཙང་གི་ཡུལ་འདིར་སྲུང་སྐྱོབ་བྱེད་དགོས་པ་འདི་ཡིན། དེ་སྲུང་སྐྱོབ་བྱེད་པ་ལ། རི་དྭགས་རང་གནས་༼2006ལོར་གཅན་གཟན་གྱི་པགས་རིགས་བསྲེག་པའི་ལས་འགུལ་རླབས་ཆེན་ དེ་སྤེལ་བ་ནས་གནས་ཚུལ་འདི་ཇེ་ལེགས་ཏུ་ཕྱིན་ཡོད༽དང་། ཆུ་བོར་གཙང་དག རི་དང་ནགས་ཚལ་གཅེས་སྲུང་བྱེད་པ་སོགས་རིགས་འགར་བགོས་ནས་བཤད་དགོས་ཀྱང་། འདི་དག་གི་ཐད་གཞན་དུ་ཡང་རྩོམ་ཡིག་བྲིས་པ་མང་པས་བཞག་སྟེ། འདིར་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བྱེད་བཞིན་ པའི་འགྱིག་རིགས་བེད་སྤྱོད་ཀྱི་ཐད་ནས་ཅུང་སྤྲོ་བར་འདོད།

སྲང་ལམ་དང་། རི་གྲོང་། ས་ཞིང་དང་རྩྭ་ཐང་སོགས་གང་དུ་སོང་ཡང་གད་སྙིགས་མང་ཤོས་ནི་ཅི་ཞིག་གིས་བཟོ་ཡི་ འདུག་གམ་ཞེས་པ་འདི་ནི་ང་ཚོས་ལས་སླ་བོས་དྲིས་ལན་འདེབས་ཐུབ་པ་ཞིག་ཡིན་ཡང་། ལས་སླ་མོས་གཙང་སྦྲ་བྱེད་ཐུབ་པ་ཞིག་ཨེ་ཡིན་ལ་བསམ་བློ་གཏོང་དགོས་པ་ཞིག་རེད།

དུས་རབས་སྔ་མ་ནས་འཛམ་གླིང་གི་ས་ཆ་གང་སར་འགྱིག་རིགས་ཀྱི་ཐོན་རྫས་ཇེ་མང་དུ་སོང་བ་དང་། མིའི་རིགས་ཀྱི་འཚོ་བའི་མཁོ་སྤྱོད་ཀྱི་མ་ལག་སྟབས་ཇེ་བདེར་བཏང་བར་རྗེས་སུ་ཡི་རངས་བྱས་པ་བཞིན། སྟབས་བདེའི་འགྱིག་རིགས་ཐོན་སྐྱེད་བྱེད་པ་ཇེ་མང་དུ་ཕྱིན་ཏེ་རིན་གོང་ཇེ་སླ་རུ་སོང་བ་དང་བསྟུན། བག་མེད་དུ་སྤྱད་པའི་འགྱིག་རིགས་དངོས་རྫས་ཀྱི་སྤྱོད་ཁྱབ་ཇེ་ཆེར་ཕྱིན་ཏེ་རང་བྱུང་ཁམས་ཆེན་པོའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་རྒྱ་ཆེན་བཏང་།

དེ་ལྟར་གནོད་འཚེ་གཏོང་བཞིན་པའི་གནས་བབ་མིག་མཐོང་ལག་ཟིན་ཏུ་གྱུར་པས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་དུ་བསླེབས་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྙན་ཞུ་སྐོར་ཞིག་དང་བསྡོངས་ནས། རྒྱལ་ཚོགས་ཁོར་ཡུག་སྡེ་ཚན་གྱིས་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ལ་རྟོགས་གཞིགས་ནན་པོར་བྱས་ཏེ། 1972ལོར་སུའུ་ཏེན་གྱི་རྒྱལ་ས་སུ་ཊོ་ཁམ་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་སྐུ་ཚབ་བསྡུས་ཏེ། ཤིང་སྣ་གཅོད་འབྲེག་དང་། འབྱུང་བའི་གནོད་སྐྱོན། བཟོ་གྲྭས་དུ་བས་མཁའ་དབུགས་བཙོག་བཟོ། གད་སྙིགས་ཀྱིས་བཟོས་པའི་མཁའ་དབུགས་འབག་བཙོག ཆར་ཆུ་ཇེ་ཉུང་དུ་སོང་ནས་འབྲུ་རིགས་ཀྱི་སྨིན་ཚད་ཞན་པར་གྱུར་ཏེ་མིའི་རིགས་ཀྱིས་མྱོང་བཞིན་པའི་ལྟོགས་སྐོམ། འགྱིག་རིགས་ཀྱི་ཉེར་ལེན་ལས་བྱུང་བའི་གད་སྙིགས་ཕུང་གསོག་སོགས་ཀྱིས་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་རྩ་མེད་དམ། སྔར་མེད་པའི་ནད་རིགས་མང་པོ་ཞིག་ཁྱབ་བརྡལ་དུ་འགྲོ་བཞིན་པར་ཉེན་བརྡ་བཏང་སྟེ། ལེགས་སྤེལ་ཉེས་འགོག་གི་གྲོས་ཆོད་མང་པོ་བཞག་པ་ནས་བཟུང་། འཛམ་གླིང་གི་ཡུལ་གྲུ་གང་སར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་མང་པོ་བསྡུས།

རྒྱལ་ཁབ་མང་པོ་ཞིག་གིས་འགྱིག་རིགས་ལས་སྣོན་བཟོ་གྲྭར་སྟབས་བདེའི་འགྱིག་སྣོད༼ འདིའི་ཁོངས་སུ་སྟབས་བདེའམ་གཅིག་སྤྱོད་སྣོད་ཆས་དང་། ཇ་ཕོར། ཟས་སྡེར་སོགས་འདུས༽བཟོ་བ་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་ཞུས་པ་བཞིན་རྩ་མེད་དུ་བཏང་ཡོད་ཅིང་། གད་སྙིགས་དུག་སེལ་བསྐྱར་བཟོ་བྱེད་པར་དགེ་མཚན་ཆེ་བར་མཐོང་ནས། གད་སྙིགས་བསྐྱར་བཟོ་ལ་ཤུགས་བསྣན་དེ་ཁོར་ཡུག་གི་བདག་གཉེར་དོ་དམ་གལ་ཆེན་དུ་ བཟུང་བའི་ཁྲོད་ནས་ཨ་རིས་གད་སྙིགས་བསྐྱར་བཟོ་བྱས་པའི་ཚད་རྒྱལ་ཁབ་གཞན་ལས་མཐོན་པོར་གྱུར་ཡོད། རྒྱུད་རིམ་དེའི་ཁྲོད་ནས་དང་བླངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཚོགས་ སྡེ་འདྲ་མིན་ཡང་གང་ས་གང་ནས་བཙུགས་ཡོད།

དེ་བཞིན་རྒྱ་གར་དང་། འབྲུག སུའུ་ཏེན། སུ་ཛ་ལན་ཊི་སོགས་ཀྱིས་མཚོན་རྒྱལ་ཁབ་མང་པོ་ཞིག་གིས་སྟབས་དེའི་འགྱིག་སྣོད་ བེད་སྤྱོད་བྱེད་པ་གཏན་འགོག་བྱས་ཡོད་པས་རང་བྱུང་ཁོར་ཡུག་གི་གཙང་སྦྲའི་སྤུས་ཚད་ཇེ་ལེགས་སུ་སོང་ཡོད། དེ་ལྟར་གད་སྙིགས་ཕུང་གསོག་གིས་བཟོས་པའི་མཁའ་དབུགས་བཙོག་བཟོའི་ཚད་གཞི་ཇེ་དམར་སོང་བ་མ་ཟད། མིའི་རིགས་ཀྱིས་ཁོར་ཡུག་གཙང་སྦྲས་མཚོན་ཁོར་ཡུག་བདག་གཉེར་དོ་དམ་ཁྲོད་གཏོང་ དགོས་པའི་དུས་ཚོད་ལ་སྲི་ཚགས་ཆེན་པོ་བྱེད་ཐུབ་ཡོད།

ནང་སྒོས་སུ། མཁའ་དབུགས་གཙང་ཞིང་། ཆུ་དྭངས་པ། རླུང་གཙང་མར་རྒྱུ་བ། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་མང་པ་སོགས་རང་བྱུང་ཁོར་ཡུག་གི་ཐུན་མིན་ཁྱད་ ཆོས་ཅི་དགར་ཚང་བའི་མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཆེས་གཙང་བའི་ཁོར་ཡུག་ཅིག་ཏུ་ངོས་བཟུང་ཡོད་པ་དེ་ལྟར་ན་ཡང་། གནས་འདིར་འདུས་སྡོད་དང་འཚོ་གནས་བྱེད་བཞིན་པའི་ང་ཚོས་རིན་ཐང་འདི་ལ་སྣང་འཇོག་མི་བྱེད་པར་ཁོར་ཡུག་ལ་གཏོར་བརླག་བྱེད་རུང་ངམ། གཙང་ཞིང་ཡངས་པའི་མདོ་དབུས་མཐོ་སྒང་འདི་གད་སྙིགས་ཀྱི་རི་བོ་ཞིག་ཏུ་བསྒྱུར་ཏེ་བཙོག་རླུང་བར་སྣང་ལ་ཁྱབ་ཅིང་། གཤེར་ཁུ་གཙང་བོར་འདྲེས་ནས་རྒྱ་མཚོའི་ནང་བཞུར་བཅུག་ན་མ་ཡུམ་སའི་གོ་ལ་འདིར་ཇི་འདྲའི་གནོད་སྐྱོན་ཞིག་ཐེབས་རྒྱུ་རེད་ཨང་། དེས་ན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་བདག་གཅེས་བྱེད་ན་མདོ་དབུས་མཐོ་སྒང་གི་ ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཆུ་མགོ་ནས་དྭངས་པར་བྱེད་པའི་ལས་དོན་གྱི་གཙོ་བོ་ཞིག་མ་རེད་དམ། །

ཡོང་ཁུངས་མཚོ་སྔོན་པོ་དྲ་བ།

ཐེངས་ 42196 བཀླགས་འདུག