Donate

ཆུ་མཛོད་གློག་ཁང་གིས་རྒྱ་གར་ལས་བོད་ལ་གནོད་ཆེ་བ་འདུག

ཆུ་མཛོད་གློག་ཁང་གིས་རྒྱ་གར་ལས་བོད་ལ་གནོད་ཆེ་བ་འདུག

རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་དང་ཆུ་ཤུགས་གློག་འདོན་གྱི་ལས་འཆར་འགྲོ་བཞིན་པ་དེས་རྒྱ་གར་ལས་ཀྱང་བོད་ལ་གནོད་པ་ཆེ་བ་ཡོད་འདུག དེ་ཡང་གོ་ལའི་བྱང་སྣེ་གསུམ་པ་ཞེས་འབོད་པའི་དྲ་གནས་ཤིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་རྒྱ་ནག་གཞུང་གིས་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་ས་གནས་སུ་རྒྱུགས་བཞིན་པའི་ཞ་པུའུ་གཙང་པོའི་ཐོག་ལ་ཆུ་ཤུགས་གློག་འདོན་གྱི་ལས་གཞི་མཇུག་བསྒྲིལ་ཡོད་ལུགས་ཀྱི་གསལ་བསྒྲགས་བྱས་ཡོད་པ་རེད། ཞ་པུའུ་གཙང་པོ་འདི་བཞིན་ཡར་ཀླུང་གཙང་པོའི་ནང་དུ་འབབ་པའི་ཆུ་ཕྲན་ཞིག་ཡིན་ལ་གཞིས་ཀ་རྩེའི་ཕྱོགས་ལ་ཆུ་ཤུགས་གློག་འདོན་གྱི་ལས་གཞི་འདི་བཞིན་ལེགས་གྲུབ་ཀྱི་གནས་ཚུལ་ཁྱབ་པ་དང་བསྟུན་ནས་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་ཞིག་སྤེལ་དང་སྤེལ་བཞིན་པ་རེད།
གནས་ཚུལ་ནང་རྒྱ་གར་ཕྱོགས་ལ་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུར་སེམས་ཚབས་ཡོད་བཞིན་པ་དེ་ལྟར་ཡང་དོན་དངོས་སུ་བོད་ནང་གི་གློག་ཤུགས་ཆུ་མཛོད་ཀྱི་ལས་འཆར་དེས་བོད་ཀྱི་ས་ཁུལ་དུ་ཐན་སྐྱོན་གྱི་གནས་སྟངས་ཛ་དྲག་ཆེ་རུ་བཏང་ནས་ལ་ལྷོའི་གཙང་པོའི་འབབ་རྒྱུད་ཀྱི་ས་ཕྱོགས་ཀུན་ལ་ཉེན་ཁ་འཕར་མ་ཞིག་ཆགས་ཡོད་ཙང་། ལ་ལྷོ་གཙང་པོའི་ཆུ་ལྕགས་དོང་དུ་དྲངས་ནས་གློག་འདོན་གྱི་ལས་གཞི་གཉེར་བཞིན་པ་དེས་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཧ་ལས་པའི་གནོད་ཚབས་ཆེ་བ་མ་ཟད། གཙང་པོའི་འབབ་རྒྱུད་དུ་གནས་པའི་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུ་ལ་དཀའ་ངལ་སྔར་ལས་ཀྱང་ཛ་དྲག་གི་གནས་སྟངས་འོག་ལྷག་རྒྱུ་ཡིན་པ་སོགས་རྒྱ་གར་ལས་ཀྱང་བོད་ལ་གནོད་པ་ཆེན་པོ་ཡོད་པ་གོ་ལའི་བྱང་སྣེ་གསུམ་པས་གནས་ཚུལ་སྤེལ་འདུག
གཞན་ཡང་། རྒྱ་ནག་གཞུང་གིས་བོད་ནང་གཙང་པོ་ཁ་བསྒྱུར་གྱི་ལས་གཞི་འདྲ་མིན་སྣ་ཚོགས་སྤེལ་བཞིན་པ་དེས་རྒྱ་གར་ཕྱོགས་ཀྱི་མི་མང་ལ་སེམས་ངལ་སྐྱེས་གཞི་ཤིག་ཆགས་ཡོད་པ་རེད།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42293 བཀླགས་འདུག