Donate

ཆུ་རྟ་ངོ་སྤྲོད།

ཆུ་རྟ་ནི་ཨ་ཧཕི་རི་ཁ་ཁོ་ནར་ཡོད་པའི་འོ་འཐུང་སྲོག་ཆགས་རིགས་སུ་གཏོགས། སྲོག་ཆགས་འདི་རྐང་པ་དང་ལག་པ། རྔ་མ་བཅས་ཐུང་ཞིང་ལྗིད་ཚད་ཆེ་བའི་ཕར་བལྟས་ཚོད་ལ་རྟ་ལས་ཅུང་བོངས་ཆེ་བའི་ཕག་རྒོད་ཅིག་དང་ཧ་ཅང་འདྲ་པོ་ཡོད།

ཆུ་རྟ།.ཆུ་རྟ་རིགས་ཀྱི་མིག་དང་རྣ་བ་གཉིས་ཆུང་ཞིང་སྣ་ཁུང་གཉིས་ཕག་ཟེ་ལྟ་བུའི་སྤུ་ཐར་ཐོར་ཞིག་གིས་གཡོགས་ནས་ཡོད་པ་དང༌། ད་དུང་སྲོག་ཆགས་འདིར་དམིགས་བསལ་ཆུ་འོག་ཏུ་འཛུལ་རྒྱུ་དགའ་པོ་ཡོད།

ཆུ་རྟ་མིག་དང་རྣ་བ་གཉིས་མགོའི་སྤྱི་གཙུག་དང་ཉེ་བར་ཡོད་ལ་ཁ་ཧ་ཅང་ཆེ་ལ་མཆེ་བ་ལྟ་བུའི་མདུན་སོ་ཡོད། ཆུ་རྟ་རིགས་ཆེ་བ་ཚོར་གླང་ཆེན་དང་ལྗིད་ཚད་མཉམ། མ་འགྲམ་ལ་མཆེ་བ་ཡོད་ཅིང་དེའི་རིང་ཚད་སན་ཊི་མི་ཊར་ ༧༠ དང་ལྗིད་ཚད་སྤྱི་རྒྱ་ ༣ ལྷག་ཡོད་ཅིང༌། མཆེ་བ་དེ་ཡང་གླང་ཆེན་མཆེ་བ་ལྟར་རིན་ཐང་ཆེན་པོ་ཡིན། སྲོག་ཆགས་འདིའི་རིགས་ཀྱི་པགས་པའི་འཐུག་ཚད་ལ་སན་ཊི་མི་ཊར་ལྔ་ལྷག་ཡོད།

པགས་རིགས་ས་ཆ་ཁ་ཤས་སུ་ལྕག་ཚན་བཟོ་བྱེད་དུ་བེད་སྤྱོད་གཏོང་སྲོལ་ཡོད། སྲོགས་ཆགས་དེའི་ཤ་ཁ་ཟས་སུ་སྤྱོད་ཆོག་གི་ཡོད། སྔོན་ཆད་ས་ཧ་ར་བྱེ་ཐང་གི་ལྷོ་ངོས་གཙང་པོའི་འགྲམ་དུ་ཐལ་སྐྱ་དང་རྫ་མདོག་གི་ཆུ་རྟ་ཆེས་མང་པོ་མཉམ་དུ་འཚོ་གནས་བྱེད་བཞིན་ཡོད་ལ་ལྷོ་ནུབ་ཕྱོགས་སུའང་རྐང་ལག་ཆེ་བའི་ཁོ་ཚོའི་རིགས་མི་ཉུང་བ་ཞིག་ཡོད།

སྲོག་ཆགས་འདིའི་གཟུགས་པོའི་རིང་ཚད་ཕི་ཊི་ ༩་༥ ནས་ ༡༦ བར་ཡོད་པ་དང༌། ལྗིད་ཚད་སྤྱི་རྒྱ་ ༡་༠༠༠ ནས་ ༤་༥༠༠ བར་ཡོད། ཆུ་རྟ་རྐང་ལག་ཧ་ཅང་ཐུང་བར་བརྟེན་མཐོ་ཚད་ལ་སན་ཊི་མི་ཊར་ ༡་༥ ནས་ ༡་༦༥ ལས་མེད། སྲོག་ཆགས་འདིས་དུས་ཚོད་མང་ཆེ་བར་རྣ་བ་དང༌། མིག སྣ་བཅས་ཆུ་ངོགས་སུ་བཏོན་ནས་ཡོད་ཅིང་ཆ་སྙོམས་སྐར་མ་ ༢༥ ཙམ་ཆུའི་ནང་དུ་གནས་ཐུབ་ཀྱི་ཡོད། ཉིན་མོར་ཁོ་ཚོའི་སོ་དང་མཆེ་བར་བརྟེན་ནས་ཆུ་འགྲམ་གྱི་རྩྭ་ལྡུམ་རིགས་ཟས་སུ་སྤྱོད་ཅིང༌། ཉིན་རེར་སྤྱི་ལེ་ ༣༠ ལྷག་ཙམ་གྱི་སར་ཁ་ཟས་འཚོལ་དུ་འགྲོ་ཡི་ཡོད།

མཚན་མོའི་དུས་སུ་གཙང་ཆུའི་འགྲམ་གྱི་མངར་ཤིང་དང་མ་རྨོས་ལོ་ཏོག་རྭ་བར་འཛུལ་ནས་ཁོ་ཚོས་ཟས་པ་ལས་མང་བ་རྡོག་བརྫི་གཏོང་གི་ཡོད། མཚམས་རེར་ཁོ་ཚོ་གཙང་པོ་བརྒྱུད་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་ཕི་ཊི་ ༥༠༠༠ ལྷག་ཏུ་སླེབས་ཤིང་སྐབས་དེ་དུས་ཆུ་ཡང་འཁྱག་པར་འགྱུར་ལ་ཉེ། སྤྱིར་སྟངས་ཆུ་རྟ་ནི་བཅུ་ནས་བཅོ་ལྔ་བར་ཁྱུ་བྱས་ནས་འགྲོ་སྡོད་བྱེད་སྲོལ་ཡོད་ལ། མཚམས་རེར་ ༡༥༠ ལྷག་འགྲོ་འོང་བྱེད་པ་མཐོང་རྒྱུ་ཡོད། མཚན་མོ་སེམས་ཅན་གཞན་དང་གདོང་ཐུག་བྱུང་ན་འཛིང་རེས་བྱེད་བཞིན་ཡོད་ལ་ཁོ་ཚོའི་རིགས་ཧ་ཅང་ཆེ་བ་ཚོས་སེམས་ཅན་མ་ཟད་མི་ལའང་གནོད་འཚེ་གཏོང་བཞིན་ཡོད།

ཨ་ཧཕི་རི་ཁའི་ནུབ་ངོས་སུ་འཚོ་གནས་བྱེད་བཞིན་པའི་སེམས་ཅན་འདི་དང་རིགས་འདྲ་བ་ཞིག་ཡོད་པ་དང༌། དེའི་རིང་ཚད་ལ་ཕི་ཊི་ ༡་༥ ནས་ ༡་༧༥ བར་དང་མཐོ་ཚད་ལ་ཕི་ཊི་ ༢་༥ ནས་ ༣་༥ བར་ཡོད། ལྗིད་ཚད་སྤྱི་རྒྱ་ ༡༦༠ ནས་ ༢༧༠ ལྷག་ཙམ་ཡོད། དེའི་མགོ་ནག་པོ་དང༌། ལུས་སྟོད་སྨད་གཉིས་ལྗང་ཁུ་དང་སེར་པོ་ཡིན། དེའི་རིགས་ད་ལྟ་ཧ་ཅང་གྲངས་འབོར་ཉུང་ལ་གཙོ་བོ་གྲང་ངར་ཁུལ་དང༌། ནགས་ཚལ། བརླན་གཤེར་ཆེ་བའི་ས་ཆར་སྡོད་བཞིན་ཡོད།

འོན་ཀྱང་འཛམ་གླིང་སྤྱིའི་མི་འབོར་འཕེལ་རྒྱས་ཀྱིས་འཚོ་གནས་ཀྱི་ས་ཆ་ཉུང་དུ་སོང་བར་བརྟེན་འཚོ་གནས་ཀྱི་ཁོར་ཡུག་ཆུང་དུ་འགྲོ་ཡི་ཡོད། ཆུ་རྟ་ཡི་འགྱུར་རྡོ་མང་པོ་དེང་སང་ཡུ་རོབ་དང་རྒྱ་གར་སོགས་ནས་གསར་རྙེད་འབྱུང་བཞིན་ཡོད་ལ། དཔེར་ན་རྒྱ་གར་དང་དབྱིན་ལན་སོགས་ཀྱི་ལོ་ངོ་ས་ཡ་ ༥་༢ སྔོན་གྱི་འགྱུར་རྡོ་མང་པོ་ཉར་ཚགས་དང་ཁ་ཤས་དེང་སང་ང་ཚོས་མཐོང་རྒྱུ་ཡོད་པའི་ཆུ་རྟ་དང་ཧ་ཅང་འདྲ་པོ་ཡོད་པ་རེད།།

 

ཐེངས་ 42243 བཀླགས་འདུག