Donate

ཆུ་སྲིན་རིགས་ངོ་སྤྲོད།

ཆུ་སྲིན་ནི་ཆུ་གནས་དང་ལྟོ་འགྲོ་སྲོག་ཆགས་རིགས་ཤིག་ཡིན་པ་དང༌། ཆུ་སྲིན་ལ་རིགས་མི་འདྲ་བ་འགའ་ཤས་ཡོད་ཅིང༌། ཆུ་སྲིན་ནི་ལོ་ས་ཡ་ལྷག་སྔོན་ནས་ཡོད་པའི་གདོད་མའི་སྲོག་ཆགས་ཡིན་པར་འདོད་ལ། སྲོག་ཆགས་ཆེས་གཟུགས་སྟོབས་དང་ངར་སྡུག་ཆེ་བའི་ལྟོ་འགྲོ་རིགས་ཤིག་ཡིན་ཞིང༌། མི་རིང་བར་རླན་གཤེར་ལ་གནས་པའི་སྲོག་ཆགས་ཤིག་ཆགས་ཡོད་པས་ད་གཟོད་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་འདི་ཡིན།

ཆུ་སྲིན་རིགས།ཆུ་སྲིན་ནི་མང་ཆེ་བ་ཆུ་ནང་གནས་ཀྱི་ཡོད་པ་དང༌། སྲོག་ཆགས་འདིའི་ཁང་ནང་རྣོ་ངར་ལྡན་པའི་མཆེ་བ་དང་སོ་ཡོད་ལ། ཁ་ཡང་ཆེས་ཆེན་པོ་དང༌། ཁ་ཤུགས་ཤིན་ཏུ་ཆེ། ཆུ་ནང་གནས་པའི་ཉ་རིགས་དང༌། ད་དུང་སེམས་ཅན་ཆེ་བའི་རིགས་མང་པོ་བསད་ནས་བཟའ་ཡི་ཡོད་པ་རེད།

ཆུ་སྲིན་ནི་ལྟོ་འགྲོའི་རིགས་ནང་ནས་གཟུགས་སྟོབས་ཆེ་ཞིང་སྟོབས་རྩལ་ཡང་ཆེ་ཤོས་ཡིན་ལ། ལྷག་པར་དུ་ཞི་བདེ་རྒྱ་མཚོ་དང༌། ཚྭ་ཆུ་སོགས་ནང་གནས་པའི་ཆུ་སྲིན་རིགས་དེ་གཟུགས་སྟོབས་ཆེས་ཆེན་པོ་ཡོད་པས། རིང་ཚད་མི་ཊར་ ༧ དང་ལྗིད་ཚད་ལ་སྤྱི་རྒྱ་ ༡༠༠༠ ཙམ་ཡོད།

ད་དུང་རྒྱ་གར་དང་རྒྱ་ནག་སོགས་ཀྱི་རྒྱ་མཚོའི་ཉེ་འགྲམ་ཆུ་ཕྲན་འགའ་ལ་རིང་ཚད་མི་ཊར་ ༩ ཙམ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། ཆུ་སྲིན་ཆུང་བ་རིགས་འགའ་ཤས་རྒྱ་གར་གྱི་སྐམ་སར་འཚོ་གནས་བྱེད་བཞིན་ཡོད།

ལྷོ་ཨ་ཧཕི་རི་ཁའི་ཡུལ་དུ་གནས་པའི་ཆུ་སྲིན་རིགས་རྔོན་རྒྱག་མང་པོ་བྱས་པས་སྟོངས་ལ་ཉེ་ཞིང༌། ད་ཆར་དེ་ཙམ་མཐོང་རྒྱུ་མེད་པར་གྱུར་ཡོད། བྱང་ཨ་མི་རི་ཁའི་གླིང་ཆེན་ཁུལ་དུ་ཆུ་སྲིན་རིགས་བཞི་ཙམ་འཚོ་གནས་བྱེད་བཞིན་ཡོད་ཅིང༌། ལུས་ཀྱི་རིང་ཚད་ལ་མི་ཊར་ ༧ ལྷག་ཙམ་ཡོད། ཁུ་བྷེག་ཡུལ་དུ་གནས་པའི་ཆུ་སྲིན་རིགས་ཀྱང་དེ་ཙམ་མང་པོ་མེད་པས་སྟོངས་ལ་ཉེ་བའི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། ཆུ་སྲིན་རིགས་དེའི་ཁ་སྣ་གཞན་ལས་ཐུང་བ་ཡོད།

སྤྱིར་ལྟོ་འགྲོ་རིགས་ཀྱི་སེམས་ཅན་མང་ཆེ་བ་ལུས་ཀྱི་ཁྲག་གྲང་མོ་ཡིན་ཞིང་ཆུ་སྲིན་རིགས་ཀྱི་ལུས་ཁྲག་ཡང་གྲང་མོ་ཡིན། ཆུ་སྲིན་ལོ་ ༡༠ ཙམ་སླེབས་སྐབས་ཆགས་འཕེལ་དང་མངལ་སྦྲུམ་ཆགས་ཀྱི་ཡོད། ཕྲུ་གུ་སྐྱེ་འཕེལ་བྱེད་སྟངས་སྒོང་སྐྱེས་ཡིན་ཞིང༌། སྐྱེ་འཕེལ་ཐེངས་གཅིག་ལ་སྒོ་ང་ ༢༠ ནས་ ༩༠ བར་གཏོང་གི་ཡོད། སྒོ་ང་བཏང་ཚར་རྗེས་ཉི་མའི་དྲོད་སླེབས་སར་ས་དོང་བྲུས་ནས་སྦས་ཀྱི་ཡོད་པ་དང༌། ཟླ་བ་གཉིས་གསུམ་རྗེས་ནས་སྒོ་ང་ཁ་ཕྱེ་ཡི་ཡོད་ཅིང༌། སྐབས་དེ་དུས་མས་ཕྲུ་གུ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང༌། འགའ་ཤས་མས་ཁ་ནང་འཁུར་ནས་ཆུ་ཟུར་ལ་གློད་ཀྱི་ཡོད།

ཡིན་ནའང་མང་ཆེ་བ་སྒོ་ང་བརླགས་པ་དང་སེམས་ཅན་གཞན་གྱིས་ཟ་བ་སོགས་ཡོང་གི་ཡོད། ས་ཆ་འགའ་ཤས་ལ་ཆུ་སྲིན་སྒོ་ང་མིའི་ཁ་ཟས་ཆེད་བེད་སྤྱོད་བྱེད་མཁན་ཡང་ཡོད་པ་རེད། ཆུ་སྲིན་གྱི་ལྤགས་པ་ནི་ཀོ་ཆས་རིགས་ལ་བེད་སྤྱོད་ཆེན་པོ་ཡོད་པ་དང༌། ལུས་ཀྱི་རྨིན་ཁུག་རྩི་ནི་དྲི་ཞིམ་ཆུ་གཏོར་ནང་འགྲོ་བཞིན་ཡོད་པས། ད་ཆར་བྱང་ཨ་རི་དང་ལྷོ་ཨ་ཧཕི་རི་ཁའི་ཆུ་སྲིན་ཁག་སྟོངས་ལ་ཉེ་བའི་སྲོག་ཆགས་གྲས་སུ་ངོས་འཛིན་དང་འབྲེལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།

རྒྱ་གར་ནང་སྔོན་ཆད་ཆུ་སྲིན་རིགས་བསད་དེ་པགས་པ་ཆེས་མང་པོ་ཕྱིར་ཚོང་བྱས་ཡོད་ནའང་ད་ཆར་དེ་ལྟར་བྱེད་ཆོག་གི་མེད་པས་སྲུང་སྐྱོབ་གྲས་སུ་བཞག་པ་མ་ཟད། ཁྲིམས་ཡིག་གཏན་འབེབས་བཟོས་ཡོད་པ་རེད།།

 

ཐེངས་ 42275 བཀླགས་འདུག